༄༅།། དགུན་ཁའི་ལྷགས་རླུང་ཁྲོད་ཀྱི་སྣང་ཚུལ།
གྲང་ངར་གྱི་གདུང་བའི་སྟོན་འཇུག་རྩུབ་མོ།།
སུན་སྣང་གི་དྲོད་ཁོལ་སྣང་མེད་གཏོར་བའི།།
སེམས་ཁོང་གི་རྨ་ཁ་སེམས་ལ་བཞག་མཁན།།
གཅོང་རོང་གི་སྟོན་འཇུག་སེམས་ཀྱི་རྨ་ཁ།།
རྡ་ལྗོངས་ཀྱི་དགུན་རླུང་སྣང་མེད་གཡུག་སྐབས།།
རྒྱང་རིང་གི་བརྩེ་བའི་འོད་སྣང་ལམ་ལམ།།
རང་སེམས་ལ་དྲན་པའི་ཉི་འོད་གསེབ་ན།།
སྟོན་འཇུག་གི་བུ་ཡུག་སེམས་ལ་གཡུག་སྐབས།།
སེམས་ཚོར་གྱི་ན་ཟུག་སེམས་ལ་ལྕི་ཨང་།།
བྱང་མཐའ་ཡི་དྲན་གདུང་སེམས་ལ་ལྷུང་སྐབས།།
སྐྱོ་སྣང་གི་མིག་ཆུ་མཁུར་སྒོར་འཐོར་ཐལ།།
གསེར་ལྡོམ་གྱི་བུ་ང་གངས་འདབས་ཁྲོད་ན།།
སྟོན་འཇུག་གི་ལྷགས་པས་སེམས་ཁམས་བཅུམ་སོང་།།
ཉི་འདོད་ཀྱི་དྲོལ་ཁོལ་ཕྱོགས་སུ་སྙེག་ཏེ།།
གྲང་རེག་གི་ན་ཟུག་འགོག་ཐབས་བྱས་ཀྱང་།།
ལུས་ཟུང་གི་ཁྲག་རྒྱུན་འཁྱག་ལ་འབྱར་ཐལ།།
སྟོན་འཇུག་གི་རླུང་བུ་ཡང་ཡང་གཡུགས་སོང་།།
གཡའ་བྲག་གི་ཁ་བའི་གངས་རླུང་ཁྲོད་ན།།
ཡོད་ཚོད་ཀྱི་ཁ་མདོག་ཤི་བོར་བཟོས་ཏེ།།
ཐལ་མདོག་གི་ངོ་ཁའི་ཧྲག་བར་གསེབ་ན།།
གྲང་རེག་གི་འཚོ་བ་སྐྱུར་མོར་རོལ་ཡོད།།
རྒྱང་རིང་གི་བུ་ངའི་བསམ་གཞིག་ཁྲོད་ན།།
མི་ཚེ་ཡི་ལྷག་མ་ལྷགས་པས་ཟོས་ཏེ།།
སུན་སྣང་གི་དགུན་ཁའི་སོ་འཚམས་ངོགས་སུ།།
དུས་བཞི་ཡི་རྩེད་ཆས་ཁྲོད་ན་འཚོ་ཡོད།།
རྡ་ས་ནས་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་
འབོད་པས་སུག་བྲིས་བགྱིས་སོ། ༢༠༡༣ ༡ ༡༧