རྒྱ་ནག་གི་རྩ་ཁྲིམས་དེ་དམར་ཕྱོགས་ཚོགས་པའི་ཁྲིམས་རེད།
ཟླ་འདིའི་ཚེས་༡༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༣ པའི་ཐོག་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་ས་གནས་མང་གཙོ་ཚོགས་པའི་གོ་སྒྲིག་འོག བོད་རྒྱ་གྲོས་མོལ་དང་། བོད་ཀྱི་གནས་བབས་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།
བགྲོ་གླེང་ཐོག་ས་གནས་མང་གཙོ་ཚོགས་པའི་ཚོགས་གཙོ་རྨེའུ་དཀོན་རྒྱམ་གྱིས་བགྲོ་གླེང་ཚོགས་འདུ་ངོ་སྤྲོད་གནང་ཡོད་པ་རེད། དྷ་ས་ས་གནས་མང་གཙོ་ཚོགས་པའི་ནི་ཉེ་ཆར་གསར་དུ་བཙུགས་པ་དང་། ད་ཐེངས་ཀྱི་བགྲོ་གླེང་འདི་སྐབས་དང་པོའི་རྒྱུན་ལས་ཀྱི་ལས་འགུལ་ཞིག་ཆགས་ཀྱི་ཡོད་པ་རེད།
ཉིན་དེར་གཏམ་བཤད་གནང་མཁན་གཅིག་བཀའ་ཤག་གི་དྲུང་འཕར་ཚེ་རིང་དབང་ཕྱུག་གིས་“བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ་དང་གནས་བབ།”ཞེས་པའི་ཐོག་གཏམ་བཤད་གནང་རྒྱུ་ཡིན་ནའང་ཁོང་ཕེབས་ཐུབ་མེད་པ་རེད།
བོད་ཀྱི་དགུ་བཅུ་གསུམ་ཚོགས་གཞོན་ཀླུ་མཁར་བྱམས་ཀྱིས་“ད་ང་ཚོས་ག་རེ་བྱེད་དགོས།”ཞེས་པའི་བརྗོད་གཞིའི་ཐོག་བཏམ་བཤད་སྐབས། ཁོང་གིས་“ང་ཚོས་ཁ་ཡོད་ལག་ཡོད་ཀྱིས་ག་རེ་བྱེད་དགོས་པ་རེད། བོད་ནང་ནས་རང་ལུས་མེར་སྲེག་གི་ངོ་རྒོལ་བ་བརྒྱ་ཟིན་པའི་སྐབས། བཙན་བྱོལ་ནང་ནས་དམག་སྒར་༢༢ པའི་ནང་ཁྱིམ་ཚང་རེའི་ཕྲུ་གུ་རེ་གཏོང་ཐུབ་ཀྱི་རེད་དམ། ཉུང་མཐའ་ཉིན་བརྒྱ་ཐམ་པའི་རིང་རྒྱ་ནག་གི་ཅ་ལག་གཅིག་ཀྱང་མི་ཉོ་རྒྱུའི་དམ་བཅའ་བྱེད་ཐུབ་ཀྱི་རེད་དམ། ཁྱིམ་ཚང་རེའི་དངུལ་འཛིན་གསར་པ་རེ་བཟོས་སྟེ། སྒོར་བརྒྱ་རེ་འཐབ་རྩོད་ཀྱི་ཐེབས་རྩའི་ཆེད་དུ་བསག་ཐུབ་ཀྱི་རེད་དམ། དེ་ཚོ་ད་ལྟ་སུ་གཅིག་ལ་སྤྲད་དགོས་པ་མ་རེད། ཉིན་ཞིག་བོད་དོན་ཆེད་བེད་སྤྱོད་དགོས་ན་གཏོང་ཆོག་ཆོག་ཅིག་དགོས་པ་རེད་”ཅེས་སྔོན་མ་ཇཱི་ཤི་མི་རིགས་ཀྱིས་འཐབ་རྩོད་ཆེད་མི་མང་གིས་དངུལ་གྱི་ཐེབས་རྩ་བསག་པའི་སྐོར་ངོ་སྤྲོད་བྱས་སོང་།
ཁོང་གིས་མུ་མཐུད་གསུངས་དོན། “བོད་ནང་ནས་རྒྱ་ནག་གི་ལས་བྱེད་བོད་མི། སྒོས་སུ་དྲག་ཆས་ནང་ལས་ཀ་བྱེད་མཁན་བརྒྱ་ཐམ་པས་ལག་ཆ་རྒྱ་ནག་གཞུང་ལ་རྩིས་སྤྲད་དེ་ལས་མཚམས་འཇོག་ཐུབ་ཀྱི་རེད་དམ་”ཞེས་གསུངས་པ་དང་། ཁོང་གིས་ཉེ་ཆར་ཨ་མདོ་མགོ་ལོག་ནས་ཉེན་རྟོག་ལས་ཁུངས་ཀྱི་འགོ་དཔོན་ཞིག་གིས་བོད་མིར་དྲག་གནོན་མ་ཐུབ་པར་ལས་མཚམས་བཞག་པ་དང་། བོད་མི་ཚོས་ཁ་བཏགས་འཐེན་སྟེ། དགའ་བསུ་བྱས་པའི་སྐོར་གསུངས་སོང་།
ཀླུ་མཁར་བྱམས་ཀྱིས་མུ་མཐུད་དབུ་མའི་ལམ་གྱི་སྐོར་ལ་གསུངས་དོན། “ང་ཚོས་དབུ་མའི་ལམ་ལ་རྒྱ་ནག་གིས་རྩོམ་པ་པོ་ཉིས་བརྒྱ་སུམ་བརྒྱས་རྒྱབ་སྐྱོར་ཡོད་སྐོར་གསུང་གི་ཡོད་པ་རེད། བདེན་པ་རེད་མོད། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་མི་རིགས་ས་གནས་རང་སྐྱོང་དགོས་ཀྱི་ཡོད་ཅེས་བརྗོད་པར། རྒྱ་མི་ག་ཚོད་འདྲོག་ཡོད་པ་རེད། རྒྱ་ནག་གི་རྩ་ཁྲིམས་ཞེས་པ་དེ་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཁྲིམས་རེད། མི་མང་གི་རྩ་ཁྲིམས་མ་རེད། དེ་ཁྲིམས་མཐུན་དུ་ངོས་ལེན་མི་བྱེད་མཁན་མང་པོ་ཡོད་པས། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་མེད་ལུགས་མེད་ཀྱི་རྩ་ཁྲིམས་དེ་ངོས་ལེན་བྱས་པ་རེད་”ཅེས་དང་། དེས་ང་ཚོ་ལ་ག་ཚོད་གནོད་ཡོད་སྐོར་ཤེས་དགོས་པ་དང་། རྒྱ་ནག་གི་རྩ་ཁྲིམས་བརྟན་པོ་མིན་པའི་སྐོར་གསུངས་ཡོད་པ་རེད།
ནོར་གླིང་མཐོ་སློབ་ཀྱི་ལོ་རྒྱུས་དགེ་རྒན་སྨན་ཤེར་བློ་གྲོས་ཀྱིས་“གྲོས་མོལ་དང་ལོ་རྒྱུས་ཀྱི་ཁོར་ཡུག་”ཞེས་པའི་བརྗོད་གཞིའི་གཏམ་བཤད་གནང་སྐབས། རྒྱ་ནག་དམག་འཁྲུག་གི་སྐབས་དང་། རིག་གནས་གསར་བརྗེའི་སྐབས། ངོ་རྒོལ་དང་དྲག་གནོན་བཅས་ཀྱི་སྐབས་མི་འདྲ་བར། ད་ལྟ་རྒྱ་ནག་ནང་དུ་ཡང་རྒྱ་ནག་མི་མང་གིས་བཟང་ཕྱོགས་རྩོད་ལེན་དང་། དམིགས་ཡུལ་གསར་པ་ཞིག་འཛིན་གྱི་ཡོད་སྐོར་ངོ་སྤྲོད་གནང་བ་དང་། ཁོང་གིས་“དུས་ཚོད་འདི་ང་ཚོའི་གྲོས་མོལ་ལ་གལ་ཆེན་ཞིག་རེད། ང་ཚོས་རྒྱ་ནག་རྙིང་པ་དེ་མ་ཡིན་པར་རྒྱ་ནག་གསར་པ་ཞིག་ལྟ་དགོས་པ་རེད་”ཅེས་དང་། “དབུ་མའི་ལམ་དེར་ལོ་རྒྱུས་རྐྱང་པའི་ངོས་ནས་ལྟ་རྒྱུ་མེད་པ་དང་། ཆབ་སྲིད་རྐྱང་པའི་ངོས་ནས་ལྟ་ཐུབ་ཀྱི་མེད་པ། དེ་བཞིན་མི་རིགས་དང་མི་རིགས་བར་འཐབ་རྩོད་ཁོ་ནའི་ཐོག་ནས་བལྟས་ན་གོ་བ་ལེན་གྱི་མ་རེད། སྔོན་མའི་བོད་རྒྱའི་བར་གྱི་གྲོས་མོལ་འཆར་སྣང་དང་བསམ་ཚུལ་ཙམ་ལ་ལག་ལེན་ཡོད་པ་མ་རེད། ད་ལྟ་ལྟ་གྲུབ་ཀྱི་རྒྱབ་རྟེན་ཡོད་པ་དང་། རིག་པའི་གཞུང་ལུགས་ཡོད་པ། ལག་ལེན་གྱི་རྣམ་བཞག་ཆ་ཚང་བ་ཡོད་པ་མི་རིགས་ས་གནས་རང་སྐྱོང་ཐབས་ཀྱི་གྲོས་འཆར་ཆ་ཚང་ཡོད་པ་རེད། དེ་རྒྱ་ནག་གི་རྩ་ཁྲིམས་དང་ཡང་མཐུན་པ་རེད། རྒྱ་ནག་ནང་ཧོང་ཀོང་དང་། ཨོ་མན་དེ་ཚོ་ཡང་རང་སྐྱོང་རེད། ང་ཚོའི་རང་སྐྱོང་གི་ཡིག་ཆ་རང་བཙན་དང་ཕྱེད་རང་བཙན་ཡིན་ན། རྒྱ་ནག་གིས་ཧོང་ཀོང་དང་། ཨོ་མ་དེ་ཚོ་ཡང་རང་བཙན་ཡིན་པར་ངོས་ལེན་དགོས་པ་རེད་”ཅེས་གསུངས་སོང་།

མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ཀྱིས་“རྒྱ་གཞུང་གིས་འཛུགས་བསྐྲུན་བརྒྱུད་ནས་བོད་ནང་བཙན་འཛུལ།”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྐབས། ཁོང་གིས་“བོད་ནང་གི་འཛུགས་སྐྲུན་ལ་བརྟེན་ནས་དངོས་སུ་དཀའ་ངལ་མྱོང་མཁན་མི་མང་གིས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པ་རེད། དེ་བཞིན་རྩོམ་པ་པོ་དང་ཤེས་ཡོན་པའི་ཤོག་ཁག་ནས་རྩོམ་འབྲི་བ་སོགས་ཀྱིས་ཁ་གཏད་གཅོག་གི་ཡོད་པ་རེད། ང་མི་སྒེར་པ་ཞིག་གིས་ཅིག་བཤད་ཀྱང་ཕན་ཐོགས་ཀྱི་མ་རེད། མི་མང་གིས་ངོས་འཛིན་ཡོད་པའི་བོད་གཞུང་ངོས་ཀྱི་སྲིད་ཇུས་དེ་རང་སྐྱོང་དགོས་ཀྱི་ཡོད་ཅེས་བོད་ནང་གི་འཛུགས་སྐྲུན་དེ་བཙན་འཛུལ་ཡིན་གྱི་ནག་ཉེས་ཡིན་པ་ཁས་ལེན་བརྒྱ་ཆ་བརྒྱ་བྱེད་ཀྱི་མི་འདུག བོད་གཞུང་གི་འགོ་ཁྲིད་ཚོས་བོད་ནང་འཛུགས་སྐྲུན་གྱི་མེ་འཁོར་ལམ་བཟོས་པ་དེ་ཚོ་ཡག་པོ་རེད་མདོག་མདོག་དང་། ཡག་པོ་མ་རེད་མདོག་མདོག་བཤད་ཀྱི་འདུག དེ་འདྲ་བྱེད་ཀྱི་ཡོད་པ་རེད། གསལ་པོ་བཟོས་སྟེ་བཙན་རྒྱལ་རིང་ལུགས་ཀྱི་འཛུགས་སྐྲུན་ཡིན་པ་གསལ་པོ་བཟོས་ན་ཅིག་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་སོང་།
རྒྱ་ནག་གི་འོག་ཏུ་སྡོད་རྒྱུའི་དབུ་མའི་ལམ་གྱི་སྐོར་གསུངས་དོན། “ང་ཚོས་འདྲ་མཉམ་ཟེར་ནས་མང་པོ་བཤད་ཀྱི་ཡོད་པ་རེད། དེ་ཚང་མའི་སེམས་གཏིང་ནས་བཤད་ཀྱི་ཡོད་པ་རེད་དམ། ཚང་མས་ཕར་མཐོང་ཆུང་གཏོང་གི་མིན། ཚུར་མཐོང་ཆུང་ཁུར་རྒྱུ་མིན་ཟེར་གྱི་ཡོད་པ་རེད། དབུ་མའི་ལམ་གྱི་སྲིད་ཇུས་དེ་འདྲ་མཉམ་མ་རེད། འཛམ་བུ་གླིང་ཚང་མས་རང་བཙན་བྱས་ཆོག་གི་རེད། ང་ཚོར་རང་བཙན་ལ་དམའ་བ་ལས་མེད་པ་བྲན་གཡོག་གི་ལམ་ལུགས་རེད། ང་ཚོའི་ཕྲུ་གུ་ཚོར་བསམ་བློའི་ནང་བྲན་གཡོག་བྱེད་རྒྱུ་ཁོ་ན་བཞག་ན་གང་ཡང་བྱེད་ཐུབ་ཀྱི་མ་རེད་”ཅེས་གསུངས་སོང་།
མཇུག་ཏུ་ཚོགས་ཞུགས་པའི་དྲི་བར་ལན་དང་། གཏམ་བཤད་པ་ནང་ཁུལ་དུ་བགྲོ་གླེང་བྱས་ཡོད་པ་རེད།།
