གངས་ཁྲོད་ཀྱི་སྤྲོ་སྣང་།

རྔམ་བརྗིད་ལྡན་པའི་ཧི་མ་ལ་ཡར་རབ་དཀར་ཁ་བས་རབ་ཏུ་སྤྲས།།

བཞུགས་སྒར་རྡ་སའི་རི་གྲོང་དེ་ཡང་རེ་ཞིག་དཀར་གཙང་ཁ་བས་བཀླུབས།།

ཡུན་རིང་གངས་ཅན་ཕ་ས་བྲལ་བའི་ཡུལ་གྱར་བོད་མིའི་ཡིད་ངོགས་སུ།།

ཕ་ས་དྲོན་མོའི་བླ་མེད་མཛེས་སྡུག་གསལ་ལེར་བསྟར་བའི་ཚུལ་ལ་འགྲན།།

2013_1_23_2

 

 

 

 

 

 

 

 

 

ལྷིང་འཇགས་དབེན་པའི་སེམས་པ་འདི་ལ་བག་ཡངས་ངལ་གསོ་ཐོབ་ཕྱིར་དང་།།

རེས་གཟའ་ཉི་མའི་གུང་གསེང་དེ་ཡང་དོན་དང་ལྡན་པར་འགྱུར་ཕྱིར་དུ།།

ལས་དབང་གཅིག་པའི་བོད་ཕྲུག་འགའ་ལྷན་གངས་ཁྲོད་མྱུལ་ཕྱིར་རྡ་སར་བསྐྱོད།།

ཨེ་མ་དེ་ནི་བདག་གི་སེམས་ལ་དྲོད་ཁོལ་སྦྱིན་པའི་གུང་གསེང་ཞིག།།

རབ་མཛེས་ཁ་བའི་འདབ་མ་རེ་རེ་རྡོག་པས་བརྫིས་ཏེ་སྐྱོད་དུས་སུ།།

ཁྱོར་བའི་ནང་དུ་ཁ་བ་བཟུང་སྟེ་གངས་རྩེད་རོལ་བའི་སྤྲོ་སྣང་གིས།།

བརྗེད་དུ་མེད་པའི་དྲན་རྟགས་རི་མོ་དྭངས་གཙང་སེམས་ལ་ཝ་ལེར་བཀོད།།

ཨེ་མ་གངས་ཁྲོད་མྱུལ་ཐེངས་དེ་ནི་བདག་ལ་དབང་བའི་བདེ་སྐྱིད་ཅིག།།

ཁེར་རྐྱང་ཚོར་བའི་མནར་གཅོད་ཕོག་པའི་ས་མཐའི་ཡུལ་གྱི་སེམས་པ་འདི།།

རེ་ཞིག་བདེ་ལྡན་གནས་སུ་དྲངས་པས་ད་དུང་གངས་ཁྲོད་མྱུལ་ན་འདོད།།

སྨྲ་བསམ་བརྗོད་མེད་སྤྲོ་སྣང་དེ་ཡང་གངས་ལམ་བསྐོར་བའི་དྲན་རྟགས་ཉིད།།

དེས་ན་དོན་ལྡན་སྤྲོ་འཆམ་དེ་འདྲ་ཡང་ཡང་ཐོབ་པའི་སྐལ་བ་སྩོལ།།

 ༢༠༡༣ ༡ ༢༡