ཡོད་ཚད་གངས་རི་ལ་འཐིམ་པའི་མི་ནྭ་ལེ།

གངས་དཀར་ལྷུན་པོ་སྲོག་ཏུ་ཞུགས་པའི་གྲགས་ཆེན་གནས་ཀྱི་མལ་ས་དེར།།
གུས་འདུད་སེམས་ཀྱིས་འཛུམ་མདངས་བསྣམས་ཏེ་ཐང་གཅིག་ཉལ་བའི་སྤྲོ་བ་སྐྱེས།།
གངས་ལ་ཞེན་པ་གཏིང་ནས་དཀར་བའི་མིང་འཛིན་གངས་ཀྱི་རྒྱུད་པ་བདག།།
གང་གང་མིག་གིས་མཐའ་ནས་བསྐྱུར་ཏེ་གངས་ཀྱི་ལྷུན་པོ་མཇལ་དུ་ཕྱིན།།
     

རི་བོ་ཞིག་གི་མཚན་སྙན་བསམ་སྟེ་རྒྱང་རིང་ལམ་ཁ་ནད་ཀྱིས་བཅད།།
རབ་དཀར་ཁ་བའི་འཛུམ་མདངས་སྙེག་ཏེ་རི་གྲོང་ཞིག་གི་མཐའ་ནས་ལུས།།
རང་བྱུང་ཁམས་ཀྱི་ལྷིང་འཇགས་བསྒོམས་ཏེ་རང་ཁྱིམ་དྲན་པའི་གཞི་མ་བསླངས།།
འདི་གོ་ཚང་མའི་བར་ཁྱིམ་ཞིག་ནས་བསམ་གཞིགས་སྣ་དགུའི་འདུད་པ་གྲོལ།།
 
རྒྱུས་མེད་གངས་ལ་མཇལ་ཕྱག་མཁན་རྣམས་ཁི་སིམ་ལམ་ལ་ཆུས་ས་ནས།།
གངས་ལ་གུས་པའི་ཉམས་འགྱུར་མ་ཐོན་ཀུ་སྒྲ་བདག་གི་ངགས་ནས་ཤོར།།
རྭ་ཅོ་སྔོན་མོ་གནམ་ལ་འཐེན་པའི་འབྲོང་གཡག་དར་མའི་ཟེའི་ཁ་ནས།།
ཐོག་མའི་ལས་ཀྱི་འཁྱུག་རྩལ་སྟོན་དུས་སྤྲོ་བའི་ཨག་སྐད་བསྐྱར་དུ་ཤོར།།
 
འགའ་ཞིག་གྲང་བའི་ངར་ལ་འཐིམ་སྟེ་བཞིན་གདོང་དམར་པོ་འོད་ཀྱིས་ཁེངས།།
ལ་ལའི་སེམས་པ་འཁྱག་གིས་བདེམས་ཏེ་འགྱོད་གདུང་སེམས་པ་ཁོག་ལ་བཅངས།།
ལམ་དང་གཞི་མདོ་ཅི་ལྟར་གཟར་ཡང་སྤྲོ་བས་ལུས་སེམས་བཟི་མཁན་ཞིག།།
གཟེངས་རིང་ལུང་ཆེན་སྟོད་ནས་ཕེབས་པའི་ཁྱེར་རྐྱང་ཨ་ཕོ་མ་ཡིན་ནམ།།
 
ཁངས་ཆར་བསིལ་མ་ཁད་ཀྱིས་བབས་ཏེ་རྐང་ལམ་རྡོག་འགོ་དར་གྱིས་བདམས།།
ཁུ་སིམ་ཞིག་གི་དམིགས་པ་ཡོད་ཚད་ཁངས་ངར་ཞིག་གིས་དབྱིངས་སུ་དྲངས།།
སྤྲོ་སྐྱིད་དགའ་མའི་ལྗོངས་རྒྱུ་འདི་ཡིས་དགའ་སྐྱོ་འདྲེས་མའི་དབུགས་རིང་སྟེར།།
མ་བསམ་རྒྱང་ཁམས་འདི་ལྟར་འགྲིམས་པ་དམར་ཆུང་སེམས་ཀྱི་དྲན་ཤིང་ཞིག།།
 
                                               ༢༠༡༣་༡་༢༤་ཉིན་མི་ནྭ་ལེ་ནས།