བློ་བཟང་དཀོན་མཆོག་ལ་སྲོག་ཐོག་གི་ཁྲིམས་ཐག་བཅད་འདུག

lobsang_kunchok_ngabaརྒྱ་གཞུང་གིས་བོད་མིའི་རང་ལུས་མེར་སྲེག་ལ་བརྒྱུད་སྐུལ་བྱས་པའི་ཉེས་འཛུགས་འོག མདོ་སྨད་རྔ་པ་ནས་ཡིན་པའི་བོད་མི་བློ་བཟང་དཀོན་མཆོག་ལ་སྲོག་ཐོག་གི་ཁྲིམས་ཆད་དང་། ཁོང་གི་ཚ་བོ་བློ་བཟང་ཚེ་རིང་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

 

དེ་ཡང་ཕྱི་ཟླ་༡ ཚེས་༣༡ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན།  བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ནས་མདོ་སྨད་རྔ་པ་ནས་ཡིན་པའི་རང་ལོ་༤༠ཡིན་པ་བློ་བཟང་དཀོན་མཆོག་དང་། ཁོང་གི་ཚ་བོ་རང་ལོ་༣༡ ཡིན་པ་བློ་བཟང་ཚེ་རིང་གཉིས་ཀྱིས། དེ་སྔོན་ས་གནས་ཀྱི་བོད་མི་བརྒྱད་ལ་རང་ལུས་མེར་སྲེག་གཏོང་དགོས་པའི་བརྒྱུད་སྐུལ་བྱས་ཡོད་པའི་ཉེས་མིང་འོག བློ་བཟང་དཀོན་མཆོག་ལ་ལོ་གཉིས་ཀྱི་རྗེས་སུ་སྲོག་ཐོག་གི་ཁྲིམས་ཆད་དང་། བློ་བཟང་ཚེ་རིང་ལ་ལོ་བཅུའི་དུས་ཡུན་གྱི་ཁྲིམས་ཐག་བཅད་ཡོད་འདུག

 

ཁོང་གཉིས་༢༠༡༢ ལོའི་ཕྱི་ཟླ་༨ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། རྔ་པ་ཁུལ་གྱི་རང་ལུས་མེར་སྲེག་གི་ལས་འགུལ་ལ་བརྒྱུད་སྐུལ་བྱས་པ་མ་ཟད། ལག་འཁྱེར་ཁ་པར་བརྒྱུད་བོད་ནང་གི་རང་ལུས་མེར་སྲེག་གི་འདྲ་པར་དང་གནས་ཚུལ་བཅས་ཕྱི་ཕྱོགས་ཀྱི་བོད་རང་བཙན་ཚོགས་པ་ཁག་ལ་མཁོ་སྤྲོད་བྱས་པ་སོགས་ཀྱི་ནག་ཉེས་ངོས་ལེན་བྱས་ཡོད་སྐོར་རྒྱ་གཞུང་གི་གཞུང་འབྲེལ་དྲ་རྒྱ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།  ད་ཐེངས་བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ལ་ཉེས་ཆད་ཀྱི་ཁྲིམས་ཐག་བཅད་པ་དེ། བོད་ནང་གི་རང་ལུས་མེར་སྲེག་དང་འབྲེལ་བའི་ཉེས་བཙུགས་འོག་ཁྲིམས་ཐག་བཅད་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

བོད་ནང་རྒྱ་ནག་གཞུང་ལ་རང་ལུས་མེར་སྲེག་གིས་ངོ་རྒོལ་གནང་མཁན་བོད་མི་༩༩ བྱུང་བ་དང་། རྒྱ་ནག་གཞུང་གིས་དེ་ནི་༧གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་ལ། གཞོན་ནུ་ལྷན་ཚོགས་བཅས་ཀྱིས་བརྒྱུད་བསྐུལ་བྱས་པ་ཡིན་སྐོར་གྱི་བརྗོད་པ་དང་། ངོ་རྒོལ་དེ་དང་འབྲེལ་བའི་བོད་མི་མང་པོ་འཇུ་བཟུང་བྱེད་ཀྱི་ཡོད་པ་རེད།།