སྡུག་གིས་འཁུན་སྒྲ་དྲག་པའི་དུས་ཤིག་བྱུང་།

འཛམ་གླིང་བྱང་ཤར་ཨེ་ཤི་ཡ་ཡི་གླིང། མཐོ་སྒང་དཀར་གཙང་གངས་ཀྱིས་བསྐོར་བའི་ཡུལ། མཐའ་དབུས་མེད་པ་དམ་པའི་ཆོས་དར། མཐོ་དམན་མེད་པས་ཞི་བདེའི་ལས་ལ་བརྩོན། འབྲོག་པའི་རྩ་ཐང་རྟ་ནོར་ལུག་གིས་གང་། ཞིང་པའི་བང་མཛོད་འབྲུ་རིགས་སྣ་ལྔས་ཁེངས། དག་པ་ལྷ་ཡུལ་ལས་ཀྱང་སྤྲོ་ཉམས་ལ྄ན། རང་བཙན་གཙང་མའི་རྒྱལ་ཁབ་བོད་ཞེས་གྲགས། ལོ་རྒྱུས་ལྡན་པའི་རྒྱལ་རབས་ཁུངས་ལྡན་ཡོད། འོན་ཀྱང་༡༩༣༠་མགོ་ཤར་ཙམ། ཀླ་ཀློར་དམར་པོས་ཕྱོགས་བཞི་འཚམ་བརྒྱད་མྱུར།

ཡི་དག་བཞིན་དུ་བོད་ཀྱི་ནོར་ལ་ཆགས། སྤྱང་ཀེ་བཞིན་དུ་བོད་ཁམས་ཟ་སྙིང་འདོད། ངོ་ཚ་མེད་པས་གཡོ་སྒྱུ་ཁྲམ་གསུམ་འཁྲབ། ལྷུ་བ་མེད་འཁན་ཆོས་པ་དབུ་འཁོར་གཏོང་། ཆོས་ཀྱི་བྱ་ལས་སྲིད་ཀྱི་ཁ་ལོ་སྦྱུར། ཆོས་ལྡན་བོད་ཡུལ་འཇིག་རུང་གཤིན་ཡུལ་སྒྱུར། ཆོས་བྱེད་བོད་མི་བར་དོའི་སེམས་ཅན་འདྲ། སྐྱབས་མེད་མགོན་མེད་ཆོས་མེད་གཤིན་པོ་འདྲ། ཁོ་བོ་བོད་མི་ཡི་སྟབས་སྡུག་་གིས་འཁུན་སྒྲ་ཤོར། རང་དབང་མེད་པ་དུད་འགྲོ་བཞིན་དུ་འདེད། རྩི་མཐོང་མེད་པས་འབུ་སྲིན་བཞིན་དུ་བསད། ཡ་ངར་མེད་པ་མནར་མེད་མྱར་བ་མྱོངས། ཁོ་བོ་བོད་མི་ཡིན་སྟབས་སྡུག་གིས་འཁུན་སྒྲ་ཤོར། བོད་མིའི་ཚེ་སྲོག་དངས་གཙང་ས་སྣུམ་འདྲ། བོད་མིའི་ལས་དབང་བར་དོའི་འཕྲུལ་སྣང་འདྲ། བོད་མིའི་བདེ་སྐྱིད་རི་བང་ར་དང་འདྲ། ཁོ་བོ་བོད་མི་ཡིན་པས་སྡུག་གིས་འཁུན་སྒྲ་ཤོར།  བོད་མིའི་རྩ་དོན་རླུང་ནང་མ་མེར་འདྲ། བོད་མིའི་ལོངས་ཕྱོགས་ཆར་དུས་འཇའ་མཚོན་འདྲ། བོད་མིའི་འཐབ་བརྩོད་གྱང་ཁའི་རྩ་ཡན་འདྲ། བོད་མིའི་རེ་བ་བར་སྣང་ལག་ཟད་འདྲ། ཁོ་བོ་བོད་མི་ཡིན་སྟབས་སྡུག་གིས་འཁུན་སྒྲ་ཤོར།  བཅེས་པ་འདི་བོད་རྒྱལ་ལོ་༢༡༤༠ རབས་གནས་ཆུ་སྦྲུལ་ལོའི་གནམ་ལོ་གསར་ཚེས་ཀྱི་ཉིན་གཉིས་པར་ཀུན་དགའ་བསོད་ནམས་སམ་སྡུག་གིས་འཁུན་སྒྲས་བྲིས།།