ཆུ་སྒང་དབུས་རྒྱུན་ཡན་ལག་དྷ་སར་གསར་འཛུགས་བྱས་སོང།
ཟླ་འདིའི་ཚེས་༡༧ རེས་གཟའ་ཉི་མའི་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡན་ལག་ལས་ཁང་ཞིག་བཞུགས་སྒར་དྷ་སར་སྒོ་འབྱེད་བྱས་སོང་བ་དང། སྐབས་དེར་སྤྱི་འཐུས་ཁག་ཅིག་དང། ས་འཐུས་དང་རང་བདེན་ཚོགས་གཙོ། དབུས་གཙང་དང་མདོ་སྨད་ཆོལ་ཁའི་ཚོགས་གཙོ་སོགས་སྐུ་མགྲོན་དུ་ཕེབས་འདུག
དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཡིག་ཚང་ཨ་མ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཡོད་པ་དང། དབུས་རྒྱུན་སྤྱི་ཁྱབ་ཡིག་ཚང་གི་ཡན་ལག་ཅིག་བཞུགས་སྒར་དྷ་རམ་ས་ལར་རེས་གཟའ་ཉི་མའི་ཉིན་གསར་འཛུགས་དབུ་འབྱེད་བྱས་སོང། དེ་ལྟར་གསར་འཛུགས་བྱེད་དགོས་དོན། བཞུགས་སྒར་ཡིག་ཚང་དུ་ཕྱག་ལས་གནང་མཁན་ཆུ་སྒང་དབུས་རྒྱུན་གོ་བོ་བློ་བཟང་ཕན་བདེས་འགྲེལ་བརྗོད་གནང་བ་ལྟར་ན། ༧གོང་ས་མཆོག་གིས་ཤེས་ཡོན་གལ་ཆེན་པོ་ཡིན་པའི་ལམ་སྟོན་ཡང་ཡང་ཕེབས་པ་བཞིན། བཞུགས་སྒར་དྷ་སར་ཡོད་པའི་ཆུ་སྒང་རིག་གནས་འཛིན་གྲྭའི་སློབ་སྦྱོང་མཐུན་རྐྱེན་ཡར་རྒྱས་གཏོང་ཆེད་དང། ད་ལྟའི་བཀའ་ཤག་གི་དགོངས་གཞི་བཞིན་བོད་མི་ཚང་མ་གཅིག་སྒྲིལ་དགོས་པ་གལ་ཆེར་བརྟེན། བཞུགས་སྒར་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལྟེ་གནས་ལྟ་བུ་ཆགས་ཡོད་སྟབས། དེ་དག་དང་མཐུན་ལམ་འབྲེལ་བ་སྔར་ལས་ཟབ་ཏུ་གཏོང་ཆེད། དེ་བཞིན་བཞུགས་སྒར་ཁུལ་དུ་གནས་བཞུགས་མདོ་ཁམས་མི་མང་དཀའ་ངལ་ཅན་རྣམས་ལ་ཕན་རོགས་གང་ཐུབ་བྱ་ཆེད་བཅས་སུ་ཡིན་ཞེས་འགྲེལ་བརྗོད་གནང་སོང་ལ། ཡིག་ཚང་དབུ་འབྱེད་སྐབས་སྐུ་མགྲོན་དུ་མདོ་སྟོད་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁག་ཅིག་དང། དབུས་གཙང་ཆོལ་ཁའི་ཚོགས་གཙོ་དང། མདོ་སྨད་ཆོལ་ཁའི་ཚོགས་གཙོ། ས་འཐུས་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་དང། བཞུགས་སྒར་ཁུལ་དུ་ཡོད་པའི་མདོ་སྟོད་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་བཅས་ཀྱང་ཕེབས་འདུག།
