གནམ་གཤིས་ནི་ཧ་ཅང་གྲང་།

རབ་རིབ་ཀྱི་ཆར་སྨུག་ལ་འཛད་མཐའ་དབེན་པའི་རྡ་ས་ནི་༸གོང་ས་མཆོག་ཡིད་བཞིན་ ནོར་བུ་མཆོག་གི་བཞུགས་སྒར་དང་བཙན་བྱོལ་བོད་མིའི་ཆབ་དཔལ་རིག་གསུམ་གྱི་ལྟེ་ གནས་ཞིག་ཡིན་པ་མ་ཟད། ད་དུང་བོད་མི་ཡུལ་གྱར་བ་ཁྲི་མ་འབུམ་གྱིས་ངན་ངོན་གྱི་འཚོ་བར་རོལ་སའི་བསྟི་ གནས་ཤིག་ཀྱང་རེད།  དེ་རིང་ཁོ་མོ་སློབ་གྲྭའི་གུང་གསེང་དང་བསྟུན་ནས་བཞུགས་སྒར་དུ་ཡོང་བ་ཡིན།  གནས་དེར་ཁོ་མོས་མི་ལོ་བདུན་ལྷག་གི་འཚོ་བ་བསྐྱལ་ཡོད་སྟབས་བཟང་ངན་གྱི་བག་ཆགས་ དུ་མ་ཞིག་ཀྱང་ངའི་སེམས་ཁོངས་ནས་དོར་ཐབས་བྲལ།  རྒྱུ་མཚན་དེའི་ཕྱིར་ན་སློབ་གསེང་གི་དུས་ཁོམ་ཡོད་ཚད་ལ་ཁོ་མོ་གནས་འདིར་ཡོང་ན་ འདོད།  འོན་ཏེ།  དེ་རིང་གི་གནམ་གཤིས་ནི་ཧ་ཅང་གྲང་ལ།  གུ་དོག་ལ་ཆ་མི་སྙོམ་པའི་ཁྲོམ་གཞུང་ན་ཆད་མཐའ་མེད་པའི་སྦྲང་ཆར་སིབ་སིབ་ཀྱི་ ཁྲོད་ན་ས་མཐའི་བོད་མི་མང་པོ་ཞིག་གིས་ཅི་་ཞིག་བརླགས་པ་ལྟར་རྒྱུགས་བཞིན་རབ་ ཏུ་རྒྱུགས།  ཡ་མ་ཟུང་གི་ཆས་གོས་དང་དབྱིན་བོད་འདྲེས་མའི་གཏམ་གླེང་གི་ཟློས་གར་དེ་དག་གིས་ མ་འོངས་བོད་ཀྱི་ཁ་ཕྱོགས་སྟོན་བཞིན་པ་དང་གཉིས་སུ་མ་མཆིས།  དེའི་ཕྱིར་ངའི་ཡིད་ལམ་དུ་འཆར་ཡོང་བ་ནི་གཞན་ཅི་ཡང་མིན་པར་མ་འོངས་བོད་ཀྱི་ཁ་ ཕྱོགས་དང་གནས་བབ་དེ་ཁོ་ནའོ།