བཙན་བྱོལ་ནང་གི་ཤེས་ཡོན་གནས་བབས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༧   ཕྱི་ལོ་ ༢༠༡༣/༢/༢༧
༧གོང་ས་མཆོག་གིས་དབུས་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༤ ཙམ་སོང་ཟིན་པ་དང། དེའི་རིང་སྤྱིར་བཏང་གི་ཤེས་ལྡན་མི་སྣ་གང་མང་ཞིག་གསོ་སྐྱོང་གནང་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སློབ་ལོ་སོན་པའི་བུ་ཕྲུག་བརྒྱ་ཆ་བརྒྱ་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་ཅེས་བརྗོད་ཀྱང་ཆོག་ལ།

སྤྱིའི་མཐུན་རྐྱེན་གྱི་ཆ་ནས་བཙན་བྱོལ་བ་ཞིག་གི་གནས་བབས་ལ་བསྡུར་ན་འགྲིག་ངེས་ལྟ་བུར་གྱུར་ཡོད། འོན་ཀྱང་ལོ་༥༤ ཙམ་གྱི་རིང་གི་སློབ་སྦྱོང་གི་གནས་བབས་སྤྱི་ཡོངས་ནས་བལྟས་ན། དགོས་མཁོ་ཆ་ཚང་སྐོང་ཐུབ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཐོག་ནས་ད་དུང་མ་འདང་བའི་ཆ་ཧ་ཅང་མང་པོ་ཞིག་ལྷག་ཡོད་དང། དཔེར་ན་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་རྣམས་ཤེས་རིག་ལས་ཁུངས་ནས་རྩིས་ལེན་བྱ་རྒྱུ་གཏན་ཁེལ་བའི་རྗེས་སུ། འཕྲད་ངེས་པའི་དཀའ་ངལ་ཆེ་ཤོས་དེ་དགེ་རྒན་མི་རག་པ་དེ་ཡིན་ཞེས་ཡོངས་གྲགས་སུ་གྱུར་ཡོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཆེད་ལས་མཁས་དབང་འདང་ངེས་ཤིག་ད་དུང་གསོ་སྐྱོང་མ་ཐུབ་པར་མཐུན་རྐྱེན་དང་ཁོར་ཡུག་གི་ཐོག་ནས་དཀའ་ངལ་ཡོད་ངེས་ཀྱང། འཛིན་གྲྭ་བཅུ་གཉིས་མན་གྱི་སློབ་གྲྭ་ཁག་ཏུ་དགེ་རྒན་ཚད་ལྡན་འདང་ཐུབ་ངེས་ཤིག་ཀྱང་མེད་པ་ནི། ལོ་ལྔ་བཅུ་ལྷག་གི་རིང་ཤེས་ཡོན་ཐད་གནས་བབས་ཐད་ཀྱི་སྐྱོ་གནས་ཤིག་ཏུ་ངོས་འཛིན་མི་བྱེད་ཀ་མེད་དུ་གྱུར་ཡོད། ད་བར་བོད་སློབ་འཛིན་ཚོགས་ཀྱི་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་འཛིན་གྲྭ་མཐོ་བའི་དགེ་རྒན་ཕལ་མོ་ཆེ་རྒྱ་གར་བ་ཡིན་པ་དང། བོད་པ་ཉུང་ཤས་ལས་མེད་པ་འདི་བོད་པ་མ་ཚུད་པའི་དཀའ་ངལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་ལས། བོད་པ་དགེ་རྒན་གྱི་ཆ་རྐྱེན་ཚང་བ་ཞིག་མེད་པའི་དཀའ་ངལ་ཡིན་པ་ཉམས་མྱོང་མེད་མཁན་ཞིག་ནས་ངོས་འཛིན་བྱེད་དཀའ་བ་ཞིག་རེད། ཤེས་ཡོན་གཞན་གྱི་ཐད་ནས་བཤད་མི་དགོས་པ་ཞིག་ཡིན་པ་མ་ཟད། ད་དུང་ཆོས་དགེ་གཅིག་པུའི་ཆ་ནས་བཤད་ཀྱང་དགེ་བཤེས་ལྷ་རམས་པ་དང། མཁན་པོ་དང་སློབ་དཔོན་གྱི་ཕྱག་འཁྱེར་བསྣམས་མཁན་གྱི་སློབ་གྲྭའི་ཆོས་དགེ་ཞིག་ཀྱང་ཕལ་ཆེར་ཡོད་ཚོད་མི་འདུག

བཙན་བྱོལ་ནང་དགེ་བཤེས་ལྷ་རམས་པ་དང། མཁན་པོ་དང་སློབ་དཔོན་དཀོན་པོ་གཏན་ནས་མིན་ཡང། སློབ་གྲྭ་ཁག་ཏུ་དགེ་རྒན་བྱ་རྒྱུའི་སེམས་ཤུགས་ཡོད་མཁན་མེད་པ་དང། ཤར་ནུབ་ཀྱི་ཡུལ་གྲུ་གཞན་གྱི་གདུལ་བྱ་འདུལ་ཆེད་དམ། ཡང་ན་དེང་དུས་ཀྱི་འདོད་ཡོན་ལ་ཞེན་ཆགས་མང་དྲགས་པའི་རྐྱེན་གྱིས་ཡིན་བཤད་ཚོད་ཐིག་དཀའ། གང་ལྟར་བོད་པའི་བུ་ཕྲུག་གསོ་སྐྱོང་བྱ་སའི་སློབ་གྲྭ་ཁག་ཏུ་ཆོས་དགེ་ནི་སློབ་སྦྱོང་ཆ་ཚང་མཐར་མ་ཕྱིན་པ་དང། དགོན་སྡེ་ཁག་ནས་སྡོད་འདོད་མེད་པའམ། སྡོད་ཐབས་མེད་པ་ལྟ་བུ་དག་ཡིན། མདོར་ན་སློབ་སྦྱོང་རྩེ་གྲས་དག་སློབ་གྲྭ་ཁག་ཏུ་ཕེབས་ནས་མ་འོངས་པའི་མི་རབས་གསར་པ་སྐྱེད་སྲིང་བྱ་རྒྱུའི་ཐད་ནུས་ཤུགས་འདོན་རྒྱུར་མ་འདང་བའི་ཆ་ཆེན་པོ་ཞིག་ལྷག་ཡོད། དེ་ལྟར་མ་བྱུང་བ་ནི་དུས་རྒྱུན་བོད་ནང་དུ་ཆོས་དང་རིག་གནས་རྒྱུན་འཛིན་བྱེད་པའི་རང་དབང་མེད་ཅེས་ཕར་མཛུབ་མོ་འཛུགས་རྐྱང་བྱེད་པའི་ཚེ། མཛུབ་མོ་གཞན་བཞི་དེ་ང་རང་ཚོ་ལ་ཚུར་འཁོར་ཡོད་པར་བསམ་གཞིགས་མ་ཐུབ་པ་ཞིག་ཏུ་གྱུར་ཡོད།

དོན་དངོས་ཐོག་ཚན་རིག་དང་ཨང་རྩིས་སོགས་ཀྱི་དགེ་རྒན་ཐད་ནས་ཀྱང་མི་འདང་བའི་ཆ་མང་པོ་ཞིག་ཡོད་དགོས་དོན་མེད་པར། བཙན་བྱོལ་བོད་གཞུང་གིས་ཤེས་ཡོན་གྱི་ཐོག་ལ་འབད་བརྩོན་བྱས་པ་བཞིན་ཆབ་སྲིད་སོགས་ཕྱོགས་ངོས་གཞན་གང་གི་ཐོག་ལའང་བྱས་མེད་སྟབས། ད་ལྟའི་ཆར་གཞི་རིམ་དང་མཐོ་རིམ་གྱི་དགེ་རྒན་ཆ་རྐྱེན་ཚང་བ་མང་པོ་ཞིག་གིས་ལས་ཀ་མ་རག་པའི་དཀའ་ངལ་ཡོད་ན་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིར་འོས་འཚམ་ཞིག་ཡིན་པ་ལས། དགེ་རྒན་མི་རག་པའི་དཀའ་ངལ་འདི་ལྟ་བུ་འཕྲད་པ་ནི། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་ཤེས་ཡོན་ཅན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཐད་ལ་གྲུབ་འབྲས་ཆེན་པོ་དེ་ཙམ་ཐོན་མེད་པ་མི་འདོད་བཞིན་དུ་ཁས་ལེན་མི་བྱེད་ཀ་མེད་དུ་གྱུར་ཡོད་དམ། ཡང་ན་རྒྱུ་རྐྱེན་གཞན་ཞིག་ལ་བརྟེན་ནས་ཤེས་ལྡན་མི་སྣ་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་འདིར་གནས་མ་ཐུབ་པ་བྱུང་ཡོད། གནད་དོན་དེའི་ཐད་བསམ་ཞིབ་གཏིང་ཟབ་ཅིག་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

ཆོས་སྡེ་ཁག་ཕུད་པའི་བོད་པའི་སྤྱི་ཚོགས་ཁྲོད་ཆོས་དང་རིག་གནས་རྒྱུན་འཛིན་ཐད་བྱས་རྗེས་འཇོག་ཐུབ་པའི་མི་སྣ་དཀོན་ལ། དེང་དུས་ཀྱི་ཤེས་ཡོན་ཚད་དང་ལྡན་པའི་མི་སྣའང་ཤིན་ཏུ་དཀོན། ལག་ཁྱེར་མཐོན་པོ་ཡོད་མཁན་མང་ཡང་ཕལ་མོ་ཆེ་ནི་བོད་དབྱིན་སོགས་སྐད་ཡིག་ཤེས་ཙམ་ཞིག་ཏུ་གྱུར་ཡོད། གནད་དོན་འདིའི་འབྱུང་རྐྱེན་གཙོ་བོ་ཤེས་ཡོན་གྱི་དགོས་དམིགས་དེ་ཟས་གོས་ཙམ་ལ་འཛིན་པ་དང། རྒྱལ་ཁབ་སླར་གསོ་དང་མ་འོངས་འཛུགས་སྐྲུན་གྱི་ཐོག་ལ་ནུས་ཤུགས་སྤུངས་དགོས་པ་སློབ་གསོས་མ་འདང་པའམ། ཡང་ན་མིག་དཔེ་བལྟ་སའི་ཤེས་ལྡན་མི་སྣ་དཀོན་པ། ཤེས་ཡོན་ཡོད་པའི་མི་སྣ་གང་འཚམ་ཞིག་ཡོད་པ་དག་ཀྱང་རང་མགོ་གང་ཐོན་བྱས་ནས་འཕུར་སོང་བས། ད་ལྟའི་མཇུག་འབྲས་འདི་ལ་ཐུག་སོང་བ་རེད། དཀའ་ངལ་འདི་ལ་གཞུང་སྒེར་གཉིས་ཐད་ནས་བསྐྱར་ཞིབ་དང་བསྒྱུར་བཅོས་ཚད་ལྡན་ཞིག་བྱེད་མ་ཐུབ་ན། བཙན་བྱོལ་ནང་ཤེས་ཡོན་ཅན་གྱི་མི་སྣ་སྐྱེད་སྲིད་ཡོང་མི་ཐུབ་པ་འདི་མིག་མདུན་གྱི་དཀའ་ངལ་ཉག་གཅིག་ཏུ་གྱུར་ཡོད།།