རྒྱ་གར་དཔོན་དམངས་ལ་ཞུ་གཏུགས་སྐབས་ཀྱི་ཚོར་སྣང་འགའ།

images/idoblog/upload/9816387411/preview/small_68959_544839712214681_317373177_n_600px.jpg  རྒྱ་གར་བ་ཚོས་བོད་སྐོར་ཤེས་རྟོག་ཅི་འདྲ་འདུག་གམ།
ལན་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀོད་མངགས་ལྟར་ངེད་བྱང་ཕྱོགས་ཚོགས་ཆུང་ངོས་ནས་ཟླ་བ་གཅིག་དང་ཉིན་བདུན་རིང་རྒྱ་གར་བའི་དཔོན་བློན་བརྒྱ་མ་ཟིན་ཙམ་དང།  གཞན་གནད་ཡོད་མི་སྣ་དང་འབྲེལ་ཡོད་ཚོ་དང་ཐུག་ནས་བོད་ནང་གི་ཛ་དྲག་གནས་སྟངས་འགྲེལ་བརྗོད་གང་ནུས་ཞུས་ཡོད་པ་རེད།  དེ་དག་ཚང་མས་ཇི་གསུངས་ཡིག་ཚོགས་ལ་འཇིགས་ནས་ཞུ་མ་ཐུབ་ཀྱང། སྤྱིར་ན་རྒྱ་གར་གྱི་དཔོན་བློན་ཡོངས་ཀྱིས་བཤད་སྟངས་མི་འདྲ་བའི་སྒོ་ནས་བོད་ལ་རྒྱབ་སྐྱོར་ཡོད་པའི་གསུངས་བཤད་གནང་གི་འདུག

   ལུགས་སྲོལ་ལྟར་ངེད་བོད་ཀྱི་སྤྱི་མི་འགར་ཡང་སྣེ་ལེན་གང་བཟང་གནང་སོང།  སྐབས་དེར་སྒེར་ལ་ཡ་མཚན་ལྟ་བུའི་ཚོར་སྣང་བྱུང་བའི་དཔེ་མཚོན་མི་འདྲ་བའི་ཕྱོགས་ནས་བཤད་ན་འདོད་སོང། གཅིག་ཤོས་ནི་དེ་སྔོན་རྒྱ་གར་གཞུང་དམག་དཔུང་གི་གསང་བའི་ལས་བྱེད་མི་སྣ་ཞིག་རེད་འདུག  ཁོང་ནི་བོད་དོན་སྐོར་ཤེས་རྟོགས་གཏིང་ཟབ་ཡོད་མཁན་ཞིག་ཡིན་པ་མ་ཟད། སྔར་བོད་ཀྱི་ས་གནས་པདྨ་བཀོད་པ་བར་འགྲོ་མྱོང་ཞིང།  བོད་ཀྱི་བསྟན་སྲུང་དང་བླངས་དམག་མི་རྒན་གྲལ་མི་སྣའང་ཐུག་མྱོང་ཡོད་མཁན་རེད་འདུག་ལ། དེ་བཞིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཇལ་མྱོང་བའི་སྐོར་སོགས་བོད་ཀྱི་ལོ་རྒྱུས་འགག་ཕྲང་སྐབས་ཀྱི་གནས་ཚུལ་ཡང་གསུངས་རྒྱུ་འདུག་པ་མ་ཟད། ཁོང་གིས་ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལའང་རྒྱུས་ལོན་གང་ལེགས་ཡོད་མཁན་ཞིག་རེད་འདུག
དེ་མིན་མངའ་སྡེ་ག་གེ་མོའི་གནད་ཡོད་མི་སྣ་ཞིག་གིས་ངེད་ཚོས་ཁོང་ལ་ཕུལ་བའི་ཞུ་འབོད་ཡིག་ཆའི་ཐོག་གི་རང་ལུས་མེར་བསྲེགས་བཏང་མཁན་དཔའ་བོ་ཕོ་མོ་རྣམས་ཀྱི་སྐུ་པར་གཟིགས་ཏེ་བོད་ཀྱི་སྤྱི་འཐུས་འདི་ཚོ་ཚང་མས་རང་ལུས་མེར་བསྲེགས་བཏང་བ་རེད་དམ། ཞེས་དྲིས་བྱུང།   དེ་བཞིན་གཞན་ཞིག་གིས་དུས་རབས་ཕྱེད་ལྷག་རྒྱ་གར་དུ་བརྟེན་གཞིར་བྱས་པའི་བཙན་བྱོལ་བོད་གཞུང་ཞིག་ཡོད་པའི་སྐོར་ཤེས་ཀྱི་མི་འདུག་ལ།  ཡང་གཞན་ཞིག་གིས་ཁྱོད་ཚོ་བོད་ནས་འབྱོར་བའི་སྤྱི་འཐུས་ཡིན་ནམ།  ཞེས་ཀྱང་བཀའ་འདྲི་གནང་གི་འདུག  གོང་གསལ་ནི་རྒྱ་གར་གནད་ཡོད་མི་སྣ་ཉུང་ཤོས་ཀྱི་སྐད་ཆ་ཡིན་ཡང་ངའི་སེམས་ནང་བོད་ནང་རང་ལུས་མེར་བསྲེགས་བཏང་མཁན་རྣམས་དང།  ཡང་སྒོས་བོད་མི་རིགས་འདིའི་གནས་སྟངས་ཛ་དྲག་ལ་བསམ་བཞིན་སེམས་ནང་ཡ་མ་ཟུང་གི་ཚོར་བ་སྐྱུར་མོ་ཞིག་འཕྱུར་ཡོང་གི་འདུག
༢།  ཞུ་གཏུགས་ལས་འགུལ་འདིའི་དགེ་སྐྱོན་སྐོར་གསུང་རོགས།
ལན་དུ།   སྤྱིར་ན་ཞུ་གཏུགས་ལས་འགུལ་འདི་བཞིན་སྤེལ་ན་རྒྱ་གར་དཔོན་བློན་གང་མང་གིས་བོད་ཀྱི་ཛ་དྲག་གནས་སྟངས་ལ་ཤེས་རྟོགས་དང་རྒྱུས་ལོན་བྱེད་རྒྱུར་ཕན་ཐོག་ཡོད་ངེས་དང།  དེ་བཞིན་རྒྱ་གར་གཞུང་འཛིན་ངོས་ནས་ལོ་རྒྱུས་ཐོག་གི་གནས་སྟངས་ལ་མངོན་གསལ་དོད་པོའི་ངང་གླེང་སློང་མེད་ཅིང་ད་ལྟའི་ཆར་བོད་འདི་རྒྱ་ཁོངས་ཡིན་པའི་ངོས་ལེན་ཟིན་པའི་བོད་ཐོག་འཛིན་པའི་སྲིད་ཇུས་སྔར་ནས་གཏན་འབེབས་ཟིན་པ་ལྟར་ཡིན་ཞིང་།  དུས་ཡུན་ནང་གནས་སྟངས་འདི་འགྱུར་ལྡོག་གཏོང་རྒྱུ་དཀའ་ཡང།  མ་འོངས་པར་དཔོན་བློན་ཚོ་གཙོས་རྒྱ་གར་མི་མང་ངོས་ནས་ཀྱང་བོད་འདི་རྒྱ་གར་ལ་མཚོན་ན་ས་མཚམས་ཀྱི་གལ་ཆེའི་རང་བཞིན་གྱི་ས་གནས་ཡིན་ཞིང།   རྒྱ་དམར་དྲག་པོའི་གཞུང་གིས་བོད་ས་བཙན་བཟུང་བྱས་པ་མ་ཟད།  ཤར་གླིང་རྒྱལ་ཁབ་དང་ཡུལ་གྲུ་ཁག་ལ་གང་ས་ཅིའི་ཐད་ནས་ཉེན་ཁ་བཟོ་སྲིད་པའི་གནད་ཆེའི་རང་བཞིན་སོགས་རྒྱ་གར་རང་གི་གནད་དོན་དང་འབྲེལ་ནས་འགྲེལ་བརྗོད་མང་ཙམ་དགོས་ངེས་རེད་འདུག
དེ་མིན་ལས་འགུལ་ལ་སྐྱོན་ཆ་ཟེར་བ་མིན་ཡང་མ་མདང་སའི་ཕྱོགས་ནི་ཐོག་མའི་དུས་སུ་འཆར་འགོད་སྐབས་བརྗོད་གཞི་གསལ་བཏོན་ཡོད་པའི་སྒོ་ནས་དང་གྲ་བསྒྲིག་འཐུས་ཚང་དགོས་པ་རེད།  འོན་ཀྱང་དུས་ཡུན་ཐུང་ནང་བཀའ་སྤྱི་གཉིས་མཐུན་མོང་གི་ལས་འགུལ་ལ་སྟབས་འཁེལ་སྟབས་བྲེལ་འཚུབ་ངང་ནས་ཕྱོགས་སྤྱོད་དགོས་པ་དང།  ཁག་བགོས་ཟིན་པའི་ཚོགས་ཆུང་གསུམ་གྱི་བརྗོད་གཞི་དང་ཐུག་འཕྲད་བྱེད་ཡུལ་གཅིག་མཚུངས་ཡིན་སྟངས་ཕྱོགས་མང་ལ་འབྲེལ་མཐུད་བྱས་ཐུབ་མེད།  མ་འོངས་པར་དཔེར་མཚོན་ཙམ་བཀོད་ན། རྒྱ་གར་གྱི་ཆུ་བོ་གང་གྷ་དང་ཡ་མུ་ན་སོགས་ཆུ་ཆེན་བཞིས་ཤར་གླེང་ཡུལ་གྲུ་ཁག་ལ་འཐུང་ཆུ་གཙོ་བོ་མཁོ་འདོན་བྱེད་ཀྱི་ཡོད་ཅིང།   གལ་ཏེ་རྒྱ་ནག་གཞུང་གིས་བོད་ས་འབག་བཙོག་བཟོས་པ་ཡིན་ན་རྒྱལ་ཁབ་འདི་དག་གི་འཐུང་ཆུ་ལ་ཐད་ཀར་འབྲེལ་བ་ཡོད་སྟབས་རྒྱ་གར་གཞུང་ངོས་ནས་གྲོས་ཚོགས་གོང་འོག་གཉིས་ནས་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་འབག་བཙོན་བཟོ་མི་ཆོག་ཅེས་པའི་གྲོས་འགོ་གསལ་བཏོན་ཐོག་བོད་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་ཐབས་འབྱུང་ན་ནུས་ཤུགས་ཕྱོགས་གཅིག་ཏུ་སྤུངས་རྒྱུར་དགེ་མཚན་འདུག་སྙམ་ཡོད།
༣།  མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་སྐོར་གསུངས་རོགས།
ལན་དུ།  རྒྱ་གར་ནི་ང་ཚོའི་བཙན་བྱོལ་གཞུང་ངོས་ནས་ཆབ་སྲིད་དམངས་གཙོའི་ལམ་ལུགས་དཔེ་ལྟ་སའི་སློབ་དཔོན་ལྟ་བུ་རེད། དེ་ཡིན་དུས་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཁོང་ཚོའི་ཆབ་སྲིད་འགྲོ་ལུགས་སོགས་ལ་སྦྱོང་རྒྱུ་མང་དག་ཡོད། ང་ཚོའི་ཕྱོགས་ནས་ད་ཆ་ཀ་བ་གསུམ་གྱི་མ་ལག་སྒྲིག་འཛུགས་ཅིག་ཡོད་ཀྱང་ད་དུང་ཡང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་སྟངས་འཛིན་དང་རྟོག་དཔྱོད་ནན་པོ་མེད་པའི་རྐྱེན་གྱིས་ཕྱི་ཚུལ་གྱི་དམངས་གཙོ་ཙམ་ལས་དོན་དམ་པའི་སྲིད་གཞུང་གི་དཔོན་བློན་རྣམས་ལ་སྟངས་འཛིན་གྱི་ནུས་པ་ཧ་ཅང་ཞེན་པོ་རེད།  དེ་བཞིན་གསར་འགོད་རང་དབང་ཚད་མཐོ་རུ་གཏོང་རྒྱུ་དང་མ་འོངས་པའི་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུང་གདམ་ཕྱོགས་སྐོར་ཡང་ཆ་རྐྱེན་སོགས་དོ་ནན་གནང་ཐུབ་ན་བཟང་ངོ་སྙམ།
དེ་མིན་གཙོ་བོ་མ་འོངས་པར་རྒྱ་གར་གཞུང་གི་དབུ་འཁྲིད་ཀྱི་དབང་ཆ་འཛིན་ངེས་ཀྱི་མཐོ་སློབ་ཁག་ཏུ་ངེས་པར་དུ་བོད་ཀྱི་གནས་སྟངས་ཐད་འུར་བརྗོད་དང་ཡང་ན་ཞུ་བ་འཐེན་པ་ཙམ་མིན་པར་དགོས་ངེས་ཀྱི་གཏམ་བཤད་བརྗོད་གཞི་གསལ་བཏོན་ཐོག་ནས་དྲིལ་བསྒྲགས་གང་ཟབ་དང་། དེ་བཞིན་བོད་ནང་རྒྱ་ནག་དམར་གཞུང་གིས་སྡུག་རྩུབ་སྲིད་ཇུས་འོག་རྡུང་རྡེག་དང་གཉའ་གནོན་མྱངས་མྱོང་བའི་སྲིད་བཙོན་རྣམས་གཙོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཕྱོགས་སྐོར་ལོ་རྒྱུས་འགྲེལ་བརྗོད་བཅས་བོད་སྐོར་བགྲོ་གླེང་གང་མང་འཚོགས་ཐུབ་ན་དམངས་གཙོའི་རྒྱལ་ཁོངས་སུ་རྒྱ་ཆེ་བའི་མི་དམངས་ཕྱོགས་ནས་བོད་དོན་ཤེས་རྟོག་གཏིང་ཟབ་ཏུ་གཏོང་ཐབས་ལ་བརྟེན་ནས་མ་འོངས་པར་བོད་ཀྱི་ཆབ་སྲིད་ཐོག་ངོས་འཛིན་གསལ་པོ་ཡོང་རེ་དང།  བཀའ་སྤྱི་གཉིས་ཀྱིས་མི་སྣ་འགྲེམ་བཀོད་ཀྱིས་རྒྱ་གར་མཐོ་རིམ་མི་སྣ་དང་དཔོན་བློན་མཇལ་འཕྲད་ཀྱིས་བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་གཞུང་སྲ་བརྟེན་གནས་པར་དཔང་ཡིག་གི་འགན་སྲུང་ཡོད་པའི་རྒྱ་གར་གཞུང་ངོས་ནས་རོགས་སྐྱོར་འཚོལ་དགོས་ཀྱི་འདུག་སྙམ།
༤།  ཁྱེད་རྣམ་ལམ་བར་དཀའ་ངལ་གང་དག་འཕྲད་སོང་ངམ།
ལན་དུ།  ལམ་བར་དུ་དེ་ཙམ་གྱི་དཀའ་ངལ་འཕྲད་མ་སོང་ཟེར་ནའང་ཆོག་མོད།  འོན་ཀྱང་དེ་ནི་གཙོ་བོ་ཚོགས་ཆུང་གི་འགོ་བྱེད་དེ་སྔོན་གཞིས་ཆགས་སོགས་རྒྱ་གར་གང་སར་འགྲོ་མྱོང་བའི་ཉམས་མྱོང་ཅན་དང། ངོ་ཤེས་མང་ཞིང་ཚོགས་མི་ཁ་ཤས་ཡུལ་སྐད་བྱང་པའི་སྟབས་ཀྱིས་ལས་དོན་འགྲུབ་ཕྱོགས་ལ་རྨང་གཞིའི་ཆ་རྐྱེན་མདང་ཡོད་པས་རེད། དེ་མིན་ས་ཁུལ་ཁག་ཏུ་འབྱོར་དུས་ས་གནས་བདེ་དོན་དང་སིལ་ཚོང་བའི་འགོ་བྱེད།  དེ་བཞིན་སྤྱི་མི་བཅས་ཀྱིས་རང་གཞུང་ནས་བཀའ་བཀོད་ཡོད་མིན་ལ་མ་ལྟོས་པར་མཐུན་འགྱུར་དང་རོགས་འདེགས་གང་ལེགས་གནང་ཕྱོགས་འདི་ད་བར་ངེད་ཚོའི་ནུས་སྟོབས་གཙོ་བོ་རེད་སྙམ་ཡོད།
གང་ཡིན་ཟེར་ན་གལ་ཏེ་ང་ཚོ་གྲངས་ཉུང་ལས་མེད་པའི་བོད་མི་བཙན་བྱོལ་བ་རྣམས་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་མེད་སོང་ན་ང་ཚོའི་ལས་དོན་སྒྲུབ་ཕྱོགས་ཀྱི་གནོད་གཞི་གཙོ་བོ་འདི་རེད།  ཁོང་རྣམས་ཀྱིས་ལ་རྒྱ་གཙོ་བཟུང་གིས་ལས་དོན་ལ་རོགས་འདེགས་གནང་དུས་དེ་སྔོན་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་རྒན་རབས་ཚོས་མི་ཡུལ་ལུང་པ་འདི་ནས་དཀའ་སྤྱད་སྡུག་རུས་བྱས་པའི་མཛད་རྗེས་རྣམས་ཀྱང་ཡིད་ལ་ཝ་ལེར་འཁོར་ནས་བཀའ་དྲིན་རྗེས་དྲན་ཚོར་གྱི་འདུག  དེ་མིན་གུས་མོ་རྐང་པ་མི་བདེ་ལ་ལུས་གཟུགས་ཐང་པོ་མེད་པའི་རྐྱེན་གྱིས་ཚོགས་མི་ཚོས་ང་རླངས་འཁོར་ནང་བདེ་སར་བཞག་པ་དེའང་ཁོང་ཚོས་ཐུགས་འཁུར་གནང་པས་ཡིན། དེ་མིན་ས་གནས་ནས་གལ་ཏེ་འབྲེལ་མཐུད་བྱེད་མཁན་ཚོས་བརྡ་འབྱོར་ལྟར་སྔར་ནས་བྱ་བ་སྒྲུབ་པར་ཀ་ཀོར་བྱས་ཚེ་ང་ཚོ་ས་གནས་སུ་འབྱོར་ནས་དུས་ཐོག་དཔོན་བློན་མཇལ་མ་ཐུབ་ནས་འབྲེལ་མཐུན་འགོ་བརྩམས་དགོས་སྟབས་ཅུང་བྱ་བ་ཐོལ་པ་འདྲ་བྱེད་དགོས་ཀྱི་འདུག་སྙམ་སོང།
༥།  ལས་འགུལ་འདིར་གྲུབ་འབྲས་ག་རེ་ཐོན་ཡོད་དམ།
ལན་དུ། གྲུབ་འབྲས་གཟེངས་མཐོའམ་དམིགས་བསལ་གང་ཡང་ཐོན་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ལས་དོན་འདི་བཞིན་ལོ་ཟླ་བརྒྱུད་ནས་དུས་ཡུན་རིང་པོར་རྒྱུད་མཐུད་དགོས་པའི་བྱ་བ་ཡིན་དུས་མངོན་མཚན་ཅན་གྱི་གྲུབ་འབྲས་མཐོང་དཀའ་མོ་རེད། འོན་ཀྱང་ཕྱིར་རྡ་སར་འཁོར་དུས་ངོ་ཤེས་དང་དྲ་གྲོགས་བཅས་ཀྱིས་སྤྱི་མི་ཚོས་འབད་བརྩོན་དང་བྱ་འགུལ་སྤེལ་བ་ཙམ་གྱིས་ལེགས་ཚུལ་དང་ཐུགས་རྗེ་ཆེ་བཅས་གསུངས་དུས་ངོ་མ་སེམས་བཟང་ཅན་དེ་དག་གི་ཐུགས་རེ་མཐོང་ཡོང་གི་འདུག དེ་མིན་དམིགས་བསལ་དུ་གྲོགས་པོ་ཞིག་བརྒྱུད་བོད་ནང་གི་ཆབ་སྲིད་བཙོན་པ་ཉེར་བརྒྱད་ཀྱིས་སྐད་བསྐུར་ཡོད་པའི་ཐོག་ངེད་སྤྱི་མི་ཚོར་ཐུགས་རྗེ་ལེགས་གསོལ་གསུགས་འདུག་པས་འདི་ནི་གུས་མོ་དང་རོགས་པ་གཞན་ཚོར་མཚོན་ན་མ་འོངས་པར་སེམས་ཤུགས་དང་སྤོབས་པ་བསྐྱེད་པར་ཕན་ཐོགས་ཡོད་ངེས།  དེ་ནི་ང་ཚོ་མུ་མཐུད་བདེན་དོན་བརྩོན་པའི་གཞི་རྩའི་སྤོབས་པའང་རེད།  སྒེར་ལ་མཚོན་ན་གཞིས་ལུས་སྤུན་ཟླས་བསྟོད་བསྔགས་ཐོབ་པ་འདི་གྲུབ་འབྲས་བཟང་ཤོས་ཡིན་བསམ་བཞིན་དགའ་བ་དཔག་མེད་དུ་སྒོམ་བཞིན་ཡོད་ལགས།
མཆན——བྷོ་ཊིའི་གསར་འགོད་པའི་དྲི་བར་ལན་འདེབས་ཁག་འདིར་འདྲེན་བཀོད་བྱས་པ་ཡིན་ལགས།