གསར་འབྱོར་སྐྱིད་སྡུག་ཚོགས་པ་ཞིག་གསར་འཛུགས།
ཟླ་འདིའི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྣ་ཊ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་མི་གསར་འབྱོར་བ་མི་གྲངས་༡༠༢ མཉམ་འཛོམས་ཀྱི་ཚོགས་འདུ་འཚོགས་ཏེ་གསར་འབྱོར་སྐྱིད་སྡུག་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་རེད།
དེ་ཡང་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོ་གཉིས་སུ་ཡོད་པའི་གསར་འབྱོར་བ་མི་གྲངས་༡༠༢ ས་གནས་ཀྱི་ས་སྐྱ་དགོན་པའི་གསོལ་མགྲོན་ཁང་དུ་མཉམ་འཛོམས་བྱས་ཏེ། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་། བོད་བསྟན་སྲིད་རང་དབང་སླར་གསོའི་ཆེད་འདས་གྲོངས་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་མྱ་ངན་གུས་འདུད་ཞུས་སོང་། དེ་ནས་ཚོགས་འདུའི་ཐོག་སྐུ་ཞབས་བཀྲ་ཤིས་དོན་འགྲུབ་ཀྱིས་ཚོགས་འདུ་དེའི་བྱུང་རབས་དང་འབྲེལ། གསར་འབྱོར་བའི་སྐྱིད་སྡུག་ཚོགས་པ་ཞིག་འཛུགས་དགོས་པའི་རྒྱབ་ལྗོངས་བཅས་ངོ་སྤྲོད་གསལ་བསྒྲགས་ཤིག་སྒྲོག་སྦྱང་བྱས་པའི་ནང་འཁོད་དོན་ “རྒྱ་གར་ལྷོ་ཕྱོགས་བོད་མི་གཞིས་སྒར་དུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་འཚོགས་སྐབས། ཕྱི་ལོ་༢༠༡༠ཟླ༨་ཚེས་༢༦ ཉིན་གསར་འབྱོར་བ་མི་མང་༡༢༦ གི་མཚན་རྟགས་དང་བཅས་སྙན་ཞུ་ཐེངས་དང་པོ་དང་། ཕྱི་ལོ ༢༠༡༢ ཟླ་གསུམ་པའི་ནང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་རྣམ་གཉིས་སྦེལ་ཀོབ་གཞིས་ཆགས་སུ་བཀའ་ཤག་གསར་པའི་འཚམས་གཟིགས་ལ་ཕེབས་སྐབས་ཡིག་ངག་གཉིས་ཀྱི་ཐོག་མཇུག་གནོན་སྙན་ཞུ་གཉིས་པ། ཕྱི་ལོ་ ༢༠༡༢ ཟླ ༨ ཚེས ༡ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ས་གནས་སུ་གཟིགས་སྐོར་ལ་ཕེབས་སྐབས་ཡིག་ངག་གཉིས་ཀྱི་ཐོག་བདེ་སྡུག་མཇུག་གནོན་སྙན་ཞུ་གསུམ་པ། ཕྱི་ལོ་ ༢༠༡༢ ཟླ ༩ ཚེས ༢༤ ཉིན་རྡ་ས་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་སྐབས་མཇུག་གནོན་སྙན་ཞུ་ཐེངས་བཞི་པ་”བཅས་ཕུལ་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་གསར་འབྱོར་བའི་བདེ་སྡུག་ཞུས་ཡོད་སྐོར་དང་། ཡང་“ཕྱི་ལོ་༢༠༡༣ཟླ་༡ ཚེས་༢༦ ཉིན་གསར་འབྱོར་བརྟན་ལྷིང་མཐུན་ཚོགས་ཀྱི་སྒྲིག་གཞི་ཟེར་བའི་གྲོས་གཞི་ས་བཅད་བདུན་ཅན་ཞིག་” བྲིས་ནས་བཀྲམ་ཡོད་སྐོར་དང་། “༢༠༡༣ ཟླ ༢ ཚེས ༡༨ ཉིན་གསར་འབྱོར་ཚོགས་འདུ་ཐེངས་དང་པོ་”ས་སྐྱ་དགོན་པར་བསྡུས་ནས་གསར་འབྱོར་བའི་སྐྱིད་སྡུག་ཚོགས་པ་ཞིག་འཛུགས་རྒྱུར་བགྲོ་གླེང་བྱས་པ་དང་། མི་མང་ནས་མོས་མཐུན་བྱུང་ཡོད་སྐོར་འཁོད་འདུག
དེ་ནས་མི་མང་ཚང་མས་སླར་ཡང་ལག་པ་བཀྱགས་ནས་གསར་འབྱོར་སྐྱིད་སྡུག་ཚོགས་པ་ཞིག་འཛུགས་རྒྱུའི་ཐག་གཅོད་བྱས་པ་དང་། གསར་འབྱོར་སྐྱིད་སྡུག་གི་རྩ་འཛིན་དོན་ཚན་ལྔ་ཅན་གྱི་ཡིག་ཆ་ཞིག་ཀྱང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་སོང་བའི་ནང་འཁོད་དོན། “བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གནས་སྡོད་གསར་འབྱོར་བ་རྣམས་ལ་བཙན་བྱོལ་བོད་མི་སྤྱི་མཚུངས་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་གཞི་རྩའི་ཐོབ་ཐང་དང་། རང་དབང་ཆ་ཚང་ལྡན་ཡང་། དམིགས་བསལ་འཚོ་རྟེན་གྱི་རྒྱབ་ལྗོངས་མེད་པ་དང་། བོད་ལ་ཕྱིར་ལོག་བྱ་ཐབས་མེད་པ། སྡོད་གནས་གཏན་ཁེལ་མེད་པ་དང་། འཕྲོད་བསྟེན་དང་། ཤེས་ཡོན་བཅས་ཀྱི་ཐད་དཀའ་ངལ་འཕྲད་བཞིན་པའི་གསར་འབྱོར་བ་དག་གིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་དམིགས་ནས་སྐྱིད་སྡུག་ཚོགས་པ་ཞིག་འཛུགས་རྒྱུ་དང་། སྐྱིད་སྡུག་ཚོགས་པ་འདིར་ཞུགས་པའི་ཚོགས་མི་ཚང་མས་གཤམ་འཁོད་རྩ་འཛིན་དོན་ཚན་ཁག་ལ་ཁས་ལེན་ཡང་དག་བྱ་དགོས།
༡ སྐྱིད་སྡུག་ཚོགས་པ་འདིའི་གཞི་རྩའི་རྩ་འཛིན་ནི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་ལམ་སྟོན་ཁོ་ན་ཡིན་པས་ཚོགས་མི་སུ་གཅིག་གིས་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་འགལ་བའི་རིགས་གཏན་ནས་བྱེད་མི་ཆོག
༢ སྐྱིད་སྡུག་ཚོགས་པ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གནས་སྡོད་བྱེད་ཀྱི་ཡོད་པས་དུས་ནམ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་ཡིད་ཆེས་བློ་གཏད་དང་གནས་ཡུལ་རྒྱ་གར་ཀྱི་ཁྲིམས་ལུགས་བཅས་ལ་བརྩི་འཇོག་བྱ་དགོས།
༣ སྐྱིད་སྡུག་ཚོགས་པ་འདིས་དམིགས་བསལ་འཚོ་རྟེན་གྱི་རྒྱབ་ལྗོངས་མེད་པ་དང་། ཁོས་ཀ་ཞན་ཅིང་འདུག་གནས་ངེས་མེད་དུ་གནས་ཤིང་། བོད་ལ་ཕྱིར་ལོག་བྱ་ཐབས་མེད་པའི་གསར་བྱོར་བ་དང་དེ་འབྲེལ་བོད་མི་ཉམ་ཐག་གི་རིགས་ཀྱི་འཚོ་བ་དང་ཤེས་ཡོན་བཅས་ཀྱི་ཐད་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་ནི་ལས་འགན་གཙོ་བོ་དེ་ཡིན།
༤ སྐྱིད་སྡུག་ཚོགས་པ་འདིའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ལྡན་པའི་ཡུལ་སྲོལ་གོམ་གཤིས་དང་། རིགས་གཞུང་། ལག་ཤེས་བཅས་རྒྱུད་འཛིན་བྱེད་ཐབས་ལ་བརྩོན་རྒྱུ།
༥ སྐྱིད་སྡུག་ཚོགས་པ་འདིས་དུས་ནམ་ཡང་སྲིད་དོན་ཤོག་ཁག་གང་རུང་གི་རྗེས་འབྲང་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་ནས་ཕྱོགས་སུ་ལྷུང་བའི་བྱ་འགུལ་རིག་སྤེལ་ཀྱི་མིན།” ཞེས་འཁོད་འདུག
རྩ་འཛིན་འདི་གཏན་འབེབས་གྲུབ་པ་དང་། རྒྱུན་ལས་མི་༨ འོས་བསྡུའི་ལམ་ནས་འདེམས་བསྐོ་བྱས་ཡོད་པ་དང་། རྒྱུན་ལས་རྣམས་ཀྱིས་ཚོགས་མིའི་སྐྱིད་སྡུག་ལ་ལྟ་རྟོགས་གང་དགོས་གྲོས་བསྡུར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། གཞན་ཡང་གོ་ལེ་གྷལ་དོན་ལྡན་གླིང་དུ་གནས་སྡོད་གསར་འབྱོར་བ་རྣམས་ཀྱང་སྐྱིད་སྡུག་ཚོགས་པ་འདིའི་ཁོངས་སུ་མཉམ་ཞུགས་བྱ་རྒྱུ་ཡིན་པ་རེད་འདུག
མེ་སོར་གསར་འགོད་པས།