ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་ག་ལ་ཡིན།

ཁྲིམས་ལུགས་སློབ་མ།བློ་བཟང་གྲགས་པ།
དེ་རིང་ངས་བོད་ཀྱི་བང་ཆེན་དྲ་བར་ལྟ་ཀློག་བྱས་པའི་སྐབས། གཞུང་པ་ཚེ་དབང་བསོད་ནམས་ཞེས་པ་ཞིག་གིས་ “ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་མ་རེད་དམ་” ཞེས་པའི་རྩོམ་ཡིག་ཅིག་སྤེལ་པར་མཐོང་། རྩོམ་ཡིག་དེར་ཡ་མཚན་སྐྱེས་སྟེ་ཞིབ་ཀློག་ཐེངས་ཤིག་བྱས་པ་ན།

དེ་ནི་ཉེ་བའི་ཆར། བཙན་བྱོལ་སྒྲིག་འཛུགས་ནས་ཀོ་ལི་གྷལ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་སྐུ་ངོ་ཕུན་ཚོགས་ཚེ་རིང་ལགས། ས་གནས་དེ་གར་ཕེབས་ནས་དུས་ཡུན་ལོ་གཅིག་མ་འཁོར་སྔོན་དུ་མོན་གྷོ་གཞིས་ཆགས་སུ་ས་གནས་འགོ་འཛིན་གྱི་ལས་ཁུར་གནང་བར་བཏང་བ་དེའི་སྐོར་རེད་ལ། ཁོང་གིས་རྒྱུ་མཚན་དེའི་རྐྱེན་པས་བཙན་བྱོལ་སྒྲིག་འཛུགས་ཀྱིས་གནད་དོན་དེའི་ཐད་གནང་ཕྱོགས་དེས། ས་གནས་མི་མང་དང་ལས་བྱེད་སྒེར་ལ་མཐོང་ཆུང་གཏོང་བ་ཡིན་ཚུལ་བརྗོད་འདུག ངས་རྩོམ་ཡིག་འདི་ཉིད་ཀློག་ཅིང་ཀློག་ཅིང་ཡ་མཚན་ཇེ་སྐྱེས་སུ་སོང་། ངས་ལས་དོན་འདིས་ཁོང་གིས་གསུངས་པ་བཞིན་འདི་ལྟར་ཀོ་ལི་གྷལ་ས་གནས་མི་མང་དང་མེ་སྒེར་ལ་མཐོང་ཆུང་གཏོང་བའི་རྒྱུ་མཚན་དང་གནས་ལུགས་གང་ཡང་མཐོང་མ་སོང་།

སྤྱིར་བཏང་ནས་ང་ཚོ་བོད་མི་སུ་ཡིན་རུང་། རང་ཉིད་ཀྱི་དབུ་ཁྲིད་དང་སྒྲིག་འཛུགས་ཀྱི་བཀའ་ལ་བརྩི་དགོས་པ་དང་། དེ་བས་རང་ཅག་དབུ་ཁྲིད་ཚོ་དང་སྒྲིག་འཛུགས་ཀྱི་དགོས་མཁོ་དང་། དཀའ་ངལ་སོགས་ལ་བསམ་གཞིག་གང་ཐུབ་བྱེད་རྒྱུ་ནི་ང་ཚོའི་ལས་འགན་རེད། ངས་བལྟས་ཚོད་ལ་སྐུ་ཞབས་གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱང་བཙན་བྱོལ་བོད་མིའི་འཁྲིམས་ལུགས་ལ་ལྟ་ཀློག་བྱེད་མྱོང་ཡོད་མཁན་ཞིག་ཡིན་པ་མ་ཚད། ཁྲིམས་ལུགས་དེ་ཉིད་ལ་གང་ཐུབ་ཀྱི་བརྩི་སྲུང་དང་ལེན་བྱེད་མཁན་ཞིག་ཀྱང་ཡིན་པར་འདོད། དེས་ན་ཁོང་གིས་ཅིས་ཀྱང་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལྟར་བོད་མི་ཞིག་ཡིན་པའི་ལས་འགན་དེ་ཚོའི་ཐད་ཀྱང་བསམ་བློ་གཏོང་དགོས་གལ་ཆེ་སྙམ།

ངས་བསམ་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འདི་ལྟར་བྱ་དགོས་དོན་ཡང་རྒྱུ་མཚན་ཆེ་དམིགས་དང་དགོས་མཁོ་ཆེ་འཛིན་བྱས་ནས་གནང་བ་ཞིག་ཡིན་པ་ལས། ཀོ་ལི་གྷལ་ས་གནས་མི་མང་དང་གང་ཟག་སྒེར་པ་སུ་ཞིག་ལ་མཐོང་ཆུང་བྱེད་པར་དམིགས་ནས། འདི་ལྟར་གནང་བ་ཞིག་ཡིན་པ་རྩ་བ་ནས་དྲན་གྱིས་མི་འདུག་ལ། བོད་མི་ཞིག་དང་ཤེས་ལྡན་མི་སྣ་ཞིག་ཡིན་ཚེ་དེ་ལྟར་དྲན་འོས་ཀྱང་མི་འོས་པ་ཞིག་རེད་སྙམ།

ཁོང་གིས་ད་དུང་བཅའ་ཁྲིམས་དོན་ཚན་བཞི་པའི་ནང་དོན་དང་འབྲེལ་བཀའ་མོལ་གནང་སྟངས་ལ་གཞིགས་ན། ཁོང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནང་སྟངས་དེ་ནི་ཁྲིམས་མཐུན་མིན་པ་དང་། ཁྲིམས་ལུགས་ནང་དོན་དང་འགལ་བའི་བྱ་བ་གནང་ཕྱོགས་ཤིག་ཡིན་པར་ཤུགས་ནས་སྟོན་གྱི་འདུག་མོད། སྒྲིག་འཛུགས་གང་ཞིག་གི་ཁྲིམས་ལུགས་ཡིན་ནའང་། དམིགས་བསལ་དང་དགོས་མཁོའི་ཆ་རྐྱེན་ལ་དམིགས་ནས་སྒྲིག་འཛུགས་དེ་ཉིད་ལ་ལས་དོན་དམིགས་བསལ་ལ་དམིགས་བསལ་ལག་བསྟར་བྱེད་པའི་དབང་ཚད་ལྡན་པ་ཞིག་ཀྱང་ཡིན་པས། ད་རེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྱ་བ་གནང་ཕྱོགས་འདི་ཁྲིམས་དང་མི་མཐུན་པ་དང་འཁྲིམས་འགལ་གནས་ཚུལ་ཞིག་ག་ལ་ཡིན། དེ་བས་རང་ཅག་སྒྲིག་འཛུགས་ནས་སྐུ་ངོ་ཕུན་ཚོགས་ཚེ་རིང་ལགས་ལ་ཡིད་ཆེས་དང་རེ་བ་ཆེ་བཅངས་ཀྱིས་མོན་གྷོ་བོད་སྡོད་གཞིས་ཆགས་སུ་གནས་སྤོ་བཏང་བ་ནི། ཁོང་ལ་ཆེ་མཐོང་དང་ཆ་འཛིན་བྱེད་པ་ཞིག་ཡིན་པ་ལས། ཁོང་ལ་མཐོང་ཆུང་བཏང་བ་ཞིག་ནི་དེ་བས་ག་ལ་ཡིན་སྙམ།

ཀོ་ལི་གྷལ་གཞིས་ཆགས་ལ་ད་བར་ས་ཐོབ་ལག་འཛིན་RTCལག་སོན་མེད་པ་དང་བཟའ་འབྲུ་ཆག་ཡང་གི་ལག་ཁྱེར་RationCard་གཞིས་ཆགས་ཡུལ་མི་ཚང་མ་ལ་ལག་སོན་བྱུང་མེད་པ་དང་།  ཕྲུ་གུ་སྐྱེས་ཚེས་ལག་དེབ་BirthCertificate ཁྲིམས་མཐུན་དེབ་འགོད་ཆ་ཚང་བྱེད་ཚར་མེད་པ་དང་ངོ་རྟགས་ལག་ཁྱེར་AdhaarCard བཟོ་རྒྱུད་སོགས་ད་བར་མཇུག་སྒྲིལ་ཚར་མེད་པ་ནི་དངོས་ཡོད་ཀྱི་དཀའ་ངལ་ཡིན་པ་བདེན་པ་ཡིན་མོད། འོན་ཀྱང་སྐུ་ངོ་ཕུན་ཚོགས་ཚེ་རིང་ལགས་གནས་སྤོ་གཏོང་བ་ནས་ལས་རིམ་དེ་དག་བསྒྲུབ་པར་འགག་འགྲོ་གི་རེད་དམ། ཁོང་མེད་ན་དེ་དག་བསྒྲུབ་ཐུབ་ཀྱི་མེད་དམ། ལས་རིམ་དེ་དག་ནི་རྒྱ་གར་དང་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་ལས་གཞི་ཞིག་ཏུ་ཚུད་ཡོད་པས་སྔ་ཕྱིར་ཙམ་མ་གཏོགས། ལས་གྲུབ་ཡོང་ངེས་རེད་ལ། གལ་སྲིད་ལས་རིམ་དེ་དག་གི་ཐད་རྒྱ་གར་དང་བོད་ཀྱི་སྒྲིག་འཛུགས་ངོས་ནས་སྲིད་ཇུས་བསྒྱུར་བཅོས་དང་ལས་རིམ་གྱུར་བ་འདྲ་གཏོང་ཚེ། ས་གནས་འགོ་འཛིན་སུ་ཡིན་ནའང་སྒྲུབ་མི་ཐུབ་པ་ཞིག་ལོས་ཡིན། དེ་བས་སྐུ་ཞབས་གཞུང་པ་ཚེ་དབང་བསོད་ནམས་ལགས་ཀྱིས་བཀའ་མོལ་གནང་སྟངས་འདི་ལ་གཞིགས་ན། ཁོང་གིས་དབུས་བོད་ཀྱི་སྒྲིག་འཛུགས་ནས་གནས་འཁོད་བྱུང་བའི་ས་གནས་འགོ་འཛིན་གསར་པ་ལ་ཡིད་ཆེས་མེད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མི་སྣ་འདེམས་འཁོད་ལ་ཡིད་ཆེས་དང་རེ་བ་མེད་པ་རེད།

དེ་བས་རྫབ་ཆེན་ཞིག་ནི་ཁོང་གིས་དབུས་བོད་མི་སྒྲིག་འཛུགས་ཀྱིས་ཀོ་ལི་གྷལ་ས་གནས་མི་མང་དང་མི་སྒེར་ལ་མཐོང་ཆུང་ཡིན་པ་བརྗོད་སྲོལ་འདི་ནི། ས་གནས་མི་མང་ནང་དཀྲུག་ཤིང་རྒྱག་པའི་སྐད་ཆ་ཞིག་རེད་ལ། དེ་བས་ཚབས་ཆེ་རུ་གཏོང་ན། དེ་ནི་བོད་མི་དང་བོད་མིའི་སྒྲིག་འཛུགས་བར་ཡིད་ཆེས་བརླག་ཏུ་འཇུག་པའི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་འགན་ལེན་མི་ཁུར་བའི་སྐད་ཆ་ཞིག་ཀྱང་རེད་སྙམ། ང་ཚོ་སུ་ཡིན་ཡང་འབྲི་ཀློག་ཤེས་པ་ཙམ་གྱིས་རྩོམ་ཡིག་གང་བྱུང་གིས་འབྲི་བ་དང་སྐད་ཆ་གང་བྱུང་གིས་བཤད་པ་ནི་དོན་དམ་གྱི་ཁྲིམས་ལུགས་དོན་རྙིང་དང་འགལ་པ་དང་། སྤྱི་ཚོགས་བདེ་འཇགས་ལ་གཏོར་གཤིབ་གཏོང་བྱེད་ཀྱི་རྒྱུ་ཡིན་པས་གཟབ་གཟབ་བཟོ་དགོས་སྙམ།།