རྒྱ་ནག་གི་ཚོགས་ཆེན་ཐོག་བོད་དོན་སྐོར་བཤད་ཕོད་མཁན་མེད།
ད་ལྟ་རྒྱ་ནག་པེ་ཅིང་དུ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་ཆེན་འཚོག་བཞིན་ཡོད་པས། བོད་མི་མང་སྤྱི་འཐུས་དང་རྒྱ་ནག་སྐོར་ལ་ཉམས་ཞིབ་པ་འབའ་པ་སྐལ་བཟང་རྒྱལ་ཚན་ལ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་ཚོགས་ཐོག་ཆབ་སྲིད་སྐོར་འགྱུར་འགྲོས་གང་ཡང་མེད་ཀྱང་། ཚོགས་སྟངས་ཅུང་གུ་ཡངས་པོ་ཡོད་སྐོར་གསུངས་སོང་།
དྲི་བ། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྒྲོམ་གཞི་དེ་ག་འདྲ་ཡིན་པ་ངོ་སྤྲོད་གནང་རོགས།
ལན། རྒྱ་ནག་མི་མང་འཐུས་མིའི་ཚོགས་མི་མང་ཉུང་ལ་འགྱུར་བ་མང་པོ་སོང་ཡོད་པ་རེད་ལ། ད་ལྟ་རྒྱ་ནག་གི་འོས་བསྡུའི་སྒྲིག་གཞིའི་ནང་འཐུས་མི་སུམ་སྟོང་ལས་མ་བརྒལ་བ་དགོས་པ་རེད། སྔོན་མ་ཡིན་ན་གྲོང་ཁྱེར་ནང་མི་འབུམ་གཉིས་ལ་འཐུས་མི་རེ་དང་། གྲོང་གསེབ་ཏུ་མི་འབུམ་བརྒྱད་ལ་འཐུས་མི་རེ་དགོས་པ་རེད། ད་ལོའི་ཚོགས་འདུའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་གཉིས་ལ་འཐུས་མིའི་འདེམས་སྟངས་དེ་གཅིག་པ་བཟོས་ཏེ། མངའ་སྡེ་ཁག་ལ་བགོ་བཤའ་བརྒྱབ་འདུག མི་དྲུག་འབུམ་བདུན་ཁྲི་རེ་ལ་འཐུས་མི་རེ་དགོས་པས། མངའ་སྡེ་མི་འབོར་མང་པོ་ཡོད་མཁན་སི་ཁྲོན་དང་། ཧྲན་ཏུང་དེ་ཚོར་འཐུས་མི་བརྒྱ་དང་དྲུག་ཅུ་བདུན་ཅུ་ཡོད་པ་རེད། མི་འབོར་ཉུང་ཉུང་ཡིན་ས་བོད་རང་སྐྱོང་ལྗོངས་ལ་འཐུས་མི་ཉི་ཤུ་དང་། མཚོ་སྔོན་ཞིང་ཆེན་ལ་འཐུས་མི་༢༢ ལས་ཡོད་པ་མ་རེད། ཡིན་ནའང་འཐུས་མིའི་གྲུབ་སྟངས་དེ་མངའ་སྡེ་ཚང་མར་མི་གྲངས་མང་ཉུང་ལ་མ་ལྟོས་པར་འཐུས་མི་བརྒྱད་རེ་མ་རྩར་བཞག་སྟེ། དེའི་ཐོག་མི་འབོར་ལ་དཔག་པའི་འདེམས་ཀྱི་ཡོད་པ་དང་། དེ་བཞིན་གྲངས་ཉུང་མི་རིགས་ཡིན་ཚེ་མི་གྲངས་ཉིས་སྟོང་སུམ་སྟོང་ལས་མེད་ནའང་འཐུས་མི་གཅིག་ངེས་པར་འདེམས་ཀྱི་ཡོད་པས། བོད་ལ་ཡང་མོན་པའི་རིགས་དང་། གློ་པའི་རིགས་ཟེར་བའི་མི་ཉིས་སྟོང་སུམ་སྟོང་ཡོད་པ་དེ་ཚོར་ཡང་འཐུས་མི་རེ་འདེབས་ཀྱི་ཡོད་པ་རེད། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་གྲུབ་ཆ་བཟོ་པ་དང་། ཞིང་པ། དམར་ཤོག་ཚོགས་པའི་ཚོགས་མི་སོགས་ལས་རིགས་འདྲ་མིན་༣༥ ཙམ་དགོས་པ་རེད། སྤྱི་ཡོངས་ཀྱི་འཐུས་མི་༢༩༠༠ ལྷག་ཡོད་པའི་བརྒྱ་ཆ་༧༠ ལྷག་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཆགས་ཡོད་པ་རེད། དེའི་ནང་ནས་༡༠༤༠ ལྷག་རྒྱ་ནག་དབུས་དང་ཞིང་ཆེན་རིམ་པའི་འགོ་ཁྲིད་མཐོན་པོ་དེ་ཚོ་རེད། དེ་བཞིན་མི་མང་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་གྲོས་མོལ་ཁང་གཉིས་དུ་མཉམ་དུ་འཚོགས་དགོས་པ་རེད། འཐུས་མི་ལྔ་སྟོང་ལྷག་ཕན་ཚུན་ཟུར་ཉན་དུ་འཚོགས་དགོས་སྟབས། ཕྱི་རྒྱལ་ཁག་གི་གྲོས་ཚོགས་བཞིན་གྲོས་ཆར་འདོན་པ་དང་། སྐར་རྟགས་ཅན་གྱི་དྲི་བ་སོགས་འདོན་ས་ཡོད་པ་མ་རེད། གལ་སྲིད་གྲོས་འཆར་འདོན་དགོས་ན་ངེས་པར་དུ་འཐུས་མི་སུམ་ཅུ་ཡན་གྱིས་མཉམ་དུ་ས་ཡིག་རྒྱག་དགོས་པ་དང་། ཡང་ན་བོད་རང་སྐྱོང་ལྗོངས་ལྟ་བུའི་འཐུས་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་འདོན་དགོས་པ་རེད། གྲོས་འཆར་ལ་ནུས་ཤུགས་ཡོད་པ་མ་རེད་ལ། རང་སྐྱོང་ལྗོངས་ཀྱི་འཐུས་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་གྲོས་འཆར་འདོན་དགོས་ན། དཔེར་ན་བོད་ཀྱི་ཤེས་ཡོན་སྐོར་ལྟ་བུ་ཡིན་ན། རྒྱ་མི་དེ་ཚོས་རྒྱབ་སྐྱོར་བྱེད་ཀྱི་མ་རེད། འཐུས་མི་སུམ་བཅུའི་ས་ཡིག་ཡོད་པའི་གྲོས་འཆར་འདོན་དགོས་ན་ཟི་ཁྲོན་ཞིང་ཆེན་དང་། ཡུ་ནན་ཞིང་ཆེན་སོགས་ཀྱི་ནང་བོད་ཀྱི་འཐུས་མི་འཚོལ་དུ་འགྲོ་དགོས་པ་རེད། དེ་འདྲ་ཕན་ཚུན་འབྲེལ་བར་དཀའ་ལས་ཡོད་པས། མངའ་སྡེ་ཆུང་ཆུང་གི་འཐུས་མི་ཉུང་ཉུང་དེ་ཚོར་གྲོས་འཆར་འདོན་རྒྱུའི་གོ་སྐབས་མེད་པ་ལྟ་བུ་རེད། ཚོགས་ཆེན་ཐོག་སྲིད་བློན་ཝུན་ཅཱ་པའོ་ཡིས་ལས་བསྡོམས་སྒྲོགས་སྦྱང་དང་། དེ་རྗེས་མངའ་སྡེ་སོ་སོ་མཉམ་དུ་ལོག་ཀར་འཚོགས་དགོས་པ་དང་། དེའི་ཐོག་གྲོས་བསྡུར་དེ་འདྲ་ཡོད་པ་མ་རེད། གཙོ་བོ་ཝུན་ཅཱ་པའོ་ཡི་ལས་བསྡོམས་ལ་བསྟོད་བསྔགས་དང་། དེ་སློབ་སྦྱོང་དགོས་སྐོར་སོགས་བཤད་ནས་སྡོད་ཀྱི་རེད།
དྲི་བ། ད་ཐེངས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་འགན་གཙོ་བོ་གང་རེད།
ལན། ནམ་རྒྱུན་ཕྱི་ཟླ་༣ པའི་ནང་རྒྱ་ནག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་གྲོས་མོལ་ཁང་གི་ཚོགས་འདུ་གཉིས་རྟག་པར་འཚོག་གི་ཡོད་པ་རེད། ད་ཐེངས་དེ་ལོ་ལྔ་རེའི་མཚམས་ཀྱི་བརྗེ་པོ་རྒྱག་རྒྱུའི་དུས་ཚོད་ཡིན་པ་དང། ཚོགས་འདུ་དེའི་ཐོག་མ་འོངས་པའི་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན། ལྷན་ཁང་ཁག་གི་བློན་ཆེན་སོགས་འདེམས་བསྐོ་བྱེད་དགོས་སྟབས། གལ་ཆེན་པོར་བརྩི་ཡི་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་མ་འཚོགས་སྔོན་ནས་དམར་ཤོག་དབུས་རྒྱུན་ལས་མི་བདུན་དང་། ཆབ་སྲིད་ཅུས་ཀྱི་མི་༢༥ བཅས་ཚང་མ་བདམས་ཚར་བ་རེད། ཡིན་ཡང་དེ་ཚོ་ཚང་མ་དམར་ཤོག་གི་གོ་གནས་ཡིན་པ་ལས། འཛིན་སྐྱོང་གི་སྲིད་འཛིན་དང་སྲིད་བློན་དེ་ཚོ་མི་དམངས་འཐུས་མི་ཚོགས་ཆེན་ཐོག་འདེམས་དགོས་པ་རྩ་ཁྲིམས་ཀྱི་དགོངས་དོན་རེད། རྩ་ཁྲིམས་ནང་འགྲོ་སྟངས་ལ་དང་པོ་སྲིད་འཛིན་འདེམས་དགོས་པ་དང་། དེ་ནས་སྲིད་འཛིན་གྱིས་སྲིད་བློན་གྱི་འོས་མི་བཏོན་ནས་འདེམས་དགོས་པ་རེད། དེ་ནས་སྲིད་བློན་གཞོན་པ་དང་། བློན་ཆེན་དེ་ཚོ་བདམས་པ་དང་། སྲིད་འཛིན་གྱིས་མཚན་རྟགས་རྒྱག་དགོས་པ་རེད། ཡིན་ནའང་འདེམས་སྟངས་དེ་རང་དབང་མང་གཙོ་ཡོད་པ་བཞིན་འོས་མི་གཉིས་གསུམ་འགྲན་རྩོད་ཐོག་འདེམས་ཀྱི་མེད། འོས་མི་གཅིག་རིང་བཏོན་པ་དང་། འཐུས་མིའི་བརྒྱ་ཆ་༧༠ ལྷག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པས། འདེམས་མ་ཐུབ་པའི་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད།
དྲི་བ། རྒྱ་ནག་གི་ཆབ་སྲིད་གྲོས་མོལ་ཁང་ཟེར་བ་དེའི་སྒྲོམ་གཞི་དང་ལས་ཀ་ག་་འདྲ་ཡིན་ངོ་སྤྲོད་གནང་རོགས།
ལན། རྒྱ་ནག་ཆབ་སྲིད་གྲོས་མོལ་ཁང་ཟེར་བ་དེའི་འཐུས་མི་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་གཉིས་ཕན་ཚུན་མང་པོ་འདྲེས་བསྡད་ཡོད་པ་རེད། ཆབ་སྲིད་གྲོས་མོལ་ཁང་ཟེར་བ་དེ་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་མི་མ་ཡིན་པ་མང་པོ་ཡོད་པ་རེད། དེའི་ནང་བླ་མ་དང་སྐུ་དྲག ཐའེ་ཝན་དང་མའེ་ཀོབ་ཀྱི་མི། དེ་བཞིན་ཚོང་པ་སོགས་འབྱོར་ལྡན་དང་མི་ཆེན་ལ་ཆབ་སྲིད་ཀྱི་གོ་གནས་ཤིག་སྤྲོད་དགོས་པས། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་དེའི་མི་སྣ་བདམས་ཏེ་བསྐོ་བཞག་བྱེད་ཀྱི་ཡོད་པ་ལས་མི་མང་ལ་འདེམས་རྒྱུའི་ལམ་ཁ་ཡོད་པ་མ་རེད། འཐུས་མི་ཚོ་མི་དམངས་འཐུས་མི་ཚོགས་ཆེན་ནང་མཉམ་ཞུགས་བྱས་ཏེ། ལས་ཀ་མཉམ་དུ་བྱེད་རྒྱུ་དང་། དེར་བསམ་ཚུལ་འདོན་རྒྱུའི་དབང་ཚད་ཡོད་པ་མཚོན་ཆེད་ལས། ཐག་གཅོད་རྒྱུའི་དབང་ཆ་ཡོད་པ་མ་རེད། ཁྲིམས་སྒྲིག་གཏན་འབེབས་ནང་སྲིད་གྲོས་ཀྱི་འཐུས་མི་དམར་ཤོག་ཚོགས་པའི་འཐུས་མི་བརྒྱ་ཆ་བཞི་བཅུ་ལས་བརྒལ་མི་ཆོག་པ་རེད། དམར་ཤོག་ཚོགས་པས་འགོ་ཁྲིད་པའི་ལམ་ལུགས་གཏན་འབེབས་གང་བྱས་པ་དེར་ཚོགས་པ་ཚང་མ་མཉམ་ཞུགས་དང་བསམ་ཚུལ་འདོན་རྒྱུ་ཡོད་པའི་ལམ་ལུགས་མཚོན་ཆེད་དུ་སྲིད་གྲོས་དང་། མི་དམངས་འཐུས་མི་ཚོགས་ཆེན་གཉིས་མཉམ་དུ་འཚོག་གི་ཡོད་པ་རེད། དེ་ལ་གྲོས་ཚོགས་གོང་འོག་གི་ལམ་ལུགས་ལྟ་བུ་རེད་ཅེས་འགྲེལ་བརྗོད་བྱེད་མཁན་ཡོད་ཀྱང་། གྲོས་ཚོགས་གོང་མ་བཞིན་ཁྲིམས་སྒྲིག་གཞི་གཏན་འབེབས་སོགས་བྱེད་རྒྱུའི་དབང་ཚད་གང་ཡང་ཡོད་པ་མ་རེད། རྒྱ་ནག་གཞུང་གི་ཁྲིམས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ས་ཡ་བརྒལ་བར་སྲིད་གྲོས་ཀྱི་ཚོགས་གཞོན་དང་། མི་དམངས་འཐུས་མིའི་ཚོགས་གཞོན་གྱི་གོ་གནས་ཐོག་བསྐོ་དགོས་གསལ་བ་ལྟར། རྒྱ་ཡི་པཎ་ཆེན་སྲིད་གྲོས་ཀྲུའུ་ཞི་ཚོགས་པའི་སྡིངས་ཆའི་ཐོག་བཞུགས་པ་དེས་ཁོང་སྲིད་གྲོས་ཀྱི་ཚོགས་གཙོ་གཞོན་པའི་གོ་གནས་སྤྲོད་རྒྱུ་ཡིན་པ་ཚོད་དཔག་བྱེད་བཞིན་པ་དང་། བྱམས་པ་ཕུན་ཚོགས་ལ་ཡང་པེ་ཅིང་དུ་གོ་གནས་ཤིག་ཐོབ་རྒྱུར་ཚོད་དཔག་བྱེད་ཆོག
དྲི་བ། རྒྱ་ནག་ནང་ཅཱང་ཙི་མིན་གྱི་ཤོག་ཁག་དང་། ཧུའུ་ཅིན་ཐའོ་ཡི་ཤོག་ཁག་ཅེས་གཉིས་བཤད་ཀྱི་ཡོད་པ་རེད། ད་ཐེངས་ཆབ་སྲིད་འགྱུར་འགྲོས་སྐོར་ལ་གླེང་སློང་ཡོང་རྒྱུ་ཡིན་མིན་དང་། ཞི་ཅིན་ཕེན་གྱིས་ལྐོགས་ཟ་རུལ་སོང་ལ་སྟངས་འཛིན་བྱེད་རྒྱུ་ཡིན་སྐོར་བརྗོད་པའི་ཐོག་གླེང་སློང་ཡོང་གི་རེད་དམ།
ལན། སྤྱིར་བཏང་ཅཱང་ཙི་མིན་གྱི་ཤོག་ཁག་དང་། ཧུའུ་ཅིན་ཐའོ་ཡི་ཤོག་ཁག་དང་འབྲེལ་བའི་སྐོར་ལ་མི་དམངས་འཐུས་མི་ཚོགས་ཆེན་དང་། སྲིད་གྲོས་ནང་བགྲོ་གླེང་བྱེད་ཐུབ་ཀྱི་མ་རེད། སྔོན་མ་ནས་དམར་ཤོག་ཚོགས་པའི་ཚོགས་ཆེན་འཚོགས་ཏེ་ཆབ་སྲིད་ཅུས་ཀྱི་མི་༢༥ དང་། དབུས་ཀྱི་རྒྱུན་ལས་འགོ་ཁྲིད་༧ ཡོད་པ། དམར་ཤོག་དབུས་འཐུས་མི་༣༦༠ ལྷག་ཡོད་པ་ཚང་མ་གཏན་འབེབས་ཟིན་པས། ཁོང་ཚོ་ཚང་མ་འགོ་ཁྲིད་རྐྱང་རྐྱང་རེད། ཤོག་ཁག་ཕན་ཚུན་འདུམ་སྒྲིག་བྱས་ཏེ་སླེབས་པ་རེད། དེར་བརྟེན། ད་ཐེངས་ཀྱི་ཚོགས་ཐོག་ཏུ་འཐུས་མི་ཚོས་ལྐོགས་ཟ་རུལ་སུངས་སྐོར་གླེང་སློང་ཤུགས་ཆེན་ཡོང་གི་འདུག དམིགས་བསལ་ལྐོགས་ཟ་རུལ་སུངས་ལ་རྡུང་རྡེག་མ་བྱས་ཚེ། དམར་ཤོག་ཚོགས་པ་དང་རྒྱལ་ཁབ་མགོ་རྟིང་བསླག་རྒྱུའི་ཉེན་ཁ་ཡོད་སྐོར་བཤད་མཁན་འདུག ཧུའུ་ཅིན་ཐའོ་དང་། ཝུན་ཅཱ་པའོ་གཉིས་ཀྱི་ལོ་བཅུའི་རིང་དཔལ་འབྱོར་ཡར་རྒྱས་སོང་ཡོད་ན། ཁོར་ཡུག་སྐོར་ལ་གཏོར་སྐྱོན་ཤུགས་ཆེན་ཐེབས་ཏེ། པེ་ཅིང་དང་ཧྲང་ཧེ་སོགས་གྲོང་ཁྱེར་མང་པོ་འབག་བཙོག་གིས་ཉི་མ་མཐོང་རྒྱུ་མེད་པ་དང་། མཁའ་རླུང་བཙོག་པོ་བསྒྱུར་པ་སོགས་ཀྱི་གནས་སྟངས་ལས་སྐྱོབ་ཆེད་དུ་རྒྱ་སྒོར་དུང་ཕྱུར་ཁྲི་བཞི་ལྷག་བཏང་ཡོད་ནའང། གྲུབ་འབྲས་གང་ཡང་ཐོབ་མེད་པའི་སྐོར་ལ་སྐྱོན་བརྗོད་ཤུགས་ཆེན་ཡོང་གི་ཡོད་པ་རེད། དེ་མིན་ཆབ་སྲིད་འགྱུར་འགྲོས་སྐོར་ལ་སྲིད་བློན་གྱི་ལས་བསྡོམས་ སྙན་ཐོའི་ནང་གང་ཡང་མེད་པས། ད་ལྟའི་འགྲོ་སྟངས་ལས་འགྱུར་བ་གང་ཡང་གཏོང་རྒྱུ་མིན་པ་ཚང་མས་ཚོད་དཔག་བྱེད་བཞིན་ཡོད། འོན་ཀྱང་ཚོགས་འདུ་དེ་འཚོག་སྟངས་སྐོར་ལ་སྔོན་མ་དང་མི་འདྲ་བར་རྣམ་པ་གསར་པ་མང་པོ་ཡོད་པར་མང་ཚོགས་ཀྱི་དགའ་བསུ་ཞུ་ཡི་འདུག སྔོན་མ་མི་དམངས་འཐུས་མི་ཚོགས་ཆེན་འཚོག་སྐབས་པེ་ཅིང་གི་ལམ་ཁ་ཚང་མ་བཀག་པ་དང་། གནམ་ཐང་དུ་འཐུས་མི་ཚོ་སླེབས་སྐབས་གདན་དམར་པོ་བཏང་ནས་མེ་ཏོག་གིས་ཕེབས་བསུ་བྱེད་རྒྱུ་ཡོད་པ་དེ་ཚོ་མེད་པ་བྱས་འདུག དེ་བཞིན་ལམ་ཁར་འཐུས་མི་ཚོགས་ཆེན་གྱི་རླངས་འཁོར་ཡང་ལམ་ཁའི་གློག་དམར་པོ་བསྒུག་ནས་འགྲོ་དགོས་པ་སོགས་ཀྱི་བྱེད་སྟངས་ལ་བལྟས་ན། བག་མེད་ལོངས་སྤྱོད་ཀྱི་ཞེ་དྲག་མེད་པ་ལྟ་བུའི་གུང་ཡངས་ཀྱི་རྣམ་པ་ཐོན་གྱི་འདུག
དྲི་བ། བོད་ནང་རང་ལུས་མེར་སྲེག་གིས་མཚོན་པས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མང་པོ་སྤེལ་གྱི་ཡོད་པས། དེའི་སྐོར་གླེང་སློང་ཡོང་གི་རེད་དམ།
ལན། བོད་དང་འབྲེལ་བའི་ལས་དོན་སྲིད་ཇུས་གཏན་འབེབས་ཡོངས་རྫོགས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཆེས་མཐོའི་ཚོགས་ཆུང་དེ་ཚོས་གཏན་འབེབས་བྱེད་ཀྱི་རེད། མི་དམངས་འཐུས་མི་དང་། སྲིད་གྲོས་ཀྱི་ཚོགས་ཆེན་འདི་གཉིས་ཀྱི་ཐོག་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐད་ཆ་བཤད་ཕོད་མཁན་གཅིག་ཀྱང་ཡོད་པ་མ་རེད་ལ། དེ་ལས་ལྡོག་སྟེ། རྒྱ་ནག་ལ་ཕྱི་ཕྱོགས་ནས་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་པས། ད་ཐེངས་ཁོང་ཚོས་འཁྲབ་སྟོན་ག་རེ་བྱེད་རྒྱུ་རེད་ཟེར་ན། བོད་ཀྱི་འཐུས་མི་ཚོ་པེ་ཅིང་དུ་སླེབས་བསྡད་ཡོད་པས། རྒྱ་ནག་གཞུང་གིས་བོད་ཀྱི་འཐུས་མི་ཚོར་བོད་ཆས་གྱོན་བཅུག་སྟེ་གསར་འགོད་ལྷན་ཚོགས་ཐོག་རང་ལུས་མེར་སྲེག་ཏཱ་ལའི་རུ་ཚོགས་ཀྱིས་བརྒྱུད་སྐུལ་རེད་ཅེས་བཤད་འཇུག་གི་རེད། དཔེར་ན་ཁ་སང་པདྨ་འཕྲིན་ལས་ཀྱིས་བོད་རང་སྐྱོང་ལྗོངས་ནང་རང་ལུས་མེར་སྲེག་གི་ལས་འགུལ་གཅིག་ཀྱང་བྱུང་མེད་ཅེས་རྫུན་བཤད་པ་ལྟ་བུ་དང་། རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཝུ་ཙི་ཀང་དང་། སི་ཁྲིན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་ཀྲང་ཏུང་ཧྲི་སོགས་ལ་གསར་འགོད་ལྷན་ཚོགས་བསྐོང་བཅུག་ནས་བོད་ཀྱི་རང་ལུས་མེར་སྲེག་གི་ཞི་རྒོལ་ལ་དམའ་འབེབས་ཚིག་རྩུབ་ཡིན་སྐོར་བོད་པར་བཤད་འཇུག་པ་ལས། རྒྱ་ནག་གཞུང་གིས་འགྲིག་མི་འདུག་ཅེས་འཐུས་མི་ཚོས་བཤད་ཐུབ་ཀྱི་མ་རེད་ལ། དབུས་ནས་ཀྱང་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཞེས་བོད་དོན་གླེང་སློང་ཡོང་གི་མ་རེད།
དྲི་བ། ད་ལྟ་རྒྱ་ནག་གི་གཞུང་གསར་པས་བོད་ཀྱི་སྲིད་ཇུས་ཐོག་ལྟ་སྟངས་ག་འདྲ་ཞིག་ཡོང་གི་རེད།
ལན། ཕྱི་ཟླ་༣ པའི་རྗེས་སྲིད་འཛིན་ཞི་ཅིན་ཕེན་དང་། སྲིད་བློན་ལཱེ་ཁེ་ཆང་ཡོང་གི་རེད། ཞི་ཅིན་ཕེན་ལ་ཆ་བཞག་ན་བོད་ལ་རྒྱུས་ཡོད་པ་དང་། ལྷག་པར་དུ་༢༠༡༠ ལོའི་བོད་ཀྱི་ལས་དོན་སྐོར་གྱི་ཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྲིད་ཇུས་གཏན་འབེབས་དང་། གནས་ཚུལ་ཡར་ཞུ་ཚང་མར་མགོ་ནས་མཇུག་བར་ཞུགས་མྱོང་མཁན་རེད། ཧུའུ་དང་ཝུན་གྱི་ལོ་བཅུའི་རིང་བོད་ནང་བརྟན་ལྷིང་མེད་པ་དང་། བོད་ནང་ཛ་དྲག་ཆགས་ཀྱི་ཡོད་པས། ལྷག་པར་དུ་རང་ལུས་མེར་སྲེག་གི་ངོ་རྒོལ་ལས་འགུལ་ཤུགས་ཆེན་པོ་སླེབས་ཡོད་པ་རེད། དེར་ག་ཚོད་བཀག་བསྡོམས་དང་དྲག་གནོན་བྱས་ན། གནས་ཚུལ་སྡུག་ཏུ་འགྲོ་བ་ལས་ཡག་ཏུ་འགྲོ་ཡི་མེད་པའི་གནས་ཚུལ་གསལ་པོ་ཁོང་ཚོས་ཤེས་ཀྱི་ཡོད་པ་རེད། དེའི་ཐོག་ཞིབ་འཇུག་བྱེད་མཁན་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སོགས་མང་པོ་ཡོད་པས། བོད་ཀྱི་སྐོར་ལ་སྲིད་ཇུས་ག་འདྲ་དགོས་པ་ད་ལྟའི་ཉམས་མྱོང་མང་པོ་དེ་གཞི་ལ་བཞག་ནས་འགྱུར་བ་ཅུང་ཙམ་འགྲོ་རྒྱུ་མཐོང་གི་འདུག རྒྱ་ནག་ནང་དུ་འགྱུར་བ་དང་། གུ་ཡངས་པོ་ཙམ་ཆགས་ཡོང་དུས་བོད་གཅིག་པུར་དམ་དྲག་བྱས་ཏེ་སྡོད་རྒྱུ་ཁག་པོ་རེད་བསམ་གྱི་འདུག །
༢༠༡༣ ལོའི་ཕྱི་ཟླ་༣ ཚེས་༨ ཉིན་བཅར་འདྲི་བྱས།