ངས་ཉིན་ཞིག་མེས་པོའི་རུས་རྐང་འཚོལ་ལམ་ནས་བརྙེད་པའི་སྐྱ་ཤང་ཤང་གི་རུས་གོག་ཅིག

ངས་ཉིན་ཞིག་མེས་པོའི་རུས་རྐང་འཚོལ་ལམ་ནས་བརྙེད་པའི་སྐྱ་ཤང་ཤང་གི་རུས་གོག་ཅིག༽
ང་འཇིན་རྟེན་འདིར་ཐོག་མར་འབྱོར་སྐབས
ལྷ་དང་ཀླུ་ཡི་ཆོ་འཕྲུལ་དང
མི་དང་འདྲེ་ཡི་གཡོ་འཕྲུལ་གང་ཡིན་མ་ཤེས་མོད
འོན་ཀྱང

ངའི་མཐོང་ལམ་དེ་ན
ཆེ་ཆུང་མི་གཅིག་པའི་རྐང་རྗེས་དུ་མ་ཞིག
ཐལ་རྡུལ་གྱི་ཁྲོད་ན་ནུབ་ཀྱིན་འདུག
དུས་དེ་ནས་བཟུང
ངས་མིག་རིག་རིག་དང
རྣ་བ་ཅོལ་ཅོལ་གྱི་ངང་ནས
བཤར་ཟིན་པའི་མི་ཚོགས་དེ་སུ་ཡིན་འཚོལ་མགོ་བརྩམས

ངའི་ཉེ་འཁོར་གྱི་མི་ཚོགས་དེ་ཚོ་ནི
ད་དུང
དལ་ལྷོད་ལྷོད་ངང་གཉིད་ལ་རོལ་གྱིན་འདུག
དགོང་མོ་ཞིག་ལ
ངས་ལག་པས་འགྲམ་པ་བསྐྱོར་བཞིན
ཉི་ནུབ་ལ་ཁ་ཕྱོགས་ནས
བསམ་གཞིག་བྱེད་དུས
ངའི་རྒྱབ་ཕྱོགས་ནས་མི་ཞིག་གིས་སྐད་བཏང་སོང
མི་དེ་ནི་གཟུགས་སྟོབས་ཆེ་ཞིང
བློ་དཀར་གཞུང་དྲང་གི་མི་སྣ་ཞིག་རེད་འདུག

ཁོང་གིས་སེམས་སྐྱོ་སྐྱོ་དང
མིག་ལྷེམ་ལྷེམ་བྱེད་ཀྱིན
འཛུབ་མོ་ཀེར་ནས
ཕ་གིའི་ཉི་མ་ནུབ་འགྲོ་སའི་རི་མགོ་དེ་ཡི་རྒྱབ་ལོག་ན
འུ་ཚང་གི་མེས་པོ་ཚོའི་དུར་སྒམ་ཡོད་ལ
དེ་དག་གི་རུས་རྐང་འཚོལ་བའི་ལམ་འགྲོ་བ་ཡང་མང་ཟེར

མཚམས་དེ་ནས
ངས་ཁོང་ལ་བཤད་དོན
ང་ཡང་དེར་འགྲོ་འདོད་ཡོད་ཅེས་བཤད
ཁོང་གིས་མགོ་བོ་གཡུག་གིན་གཡུག་གིན
ཤུགས་རིང་ཞིག་འབྱིན་ཞོར་དུ

བུ་ཆུང་ཁྱོད་འགྲོ་མི་ཐུབ་ཟེར
ངེད་ཅག་གི་སྡེ་བའི་ནང་གི་མི་ཁ་ཤས་ཤིག་ཕྱིན་ཀྱང
ལམ་ཁ་ནས་བོར་བརླགས་ཤོར་སོང་ཟེར
ཉིན་དེ་ནས
ངས་ནིི་རི་མགོ་དེ་ཡི་མདུན་རྒྱབ་ཡིད་ལ་དྲན་ཞོར
མེས་པོ་ཚོའི་དུར་སྒམ་དང
དེར་བསྐྱོད་མཁན་གྱི་ལམ་འགྲོ་བ་ཚོའི་གཟུགས་རིས་མཐོང་འདོད་ནས
རི་བོ་དེའིཕ་རོལ་ལ་ཆས་འདོད་བྱུང

ཉིན་ཞིག་གི་ཞོགས་པར་རི་བོ་དེར་བསྐྱོད་འདོད་ཀྱིས་སེམས་ལ་འཚུབས་ཆ་ལང་གིན
མེས་པོའི་དུར་སྒམ་མཇལ་འདོད་ཀྱིས་ཡིད་ལ་བྲེལ་བ་ལང་ནས་ལམ་ན་འགྲོོ་སྐབས
ལོ་རྒྱུས་ཀྱི་ལྟེབ་ཁུག་ནས
ཕྱིར་འཕོས་པའི་ཞིག་རལ་དུ་སོང་བའི་ཁང་ཤུལ་དེ་ནས
སྐྱ་ཤང་ཤང་གི་རུས་གོག་ཅིག་མཐོང་སོང
ངས་རུས་གོག་དེ་ལ་མགོ་བོ་གླན་ཏེ
མེས་པོ་ཚོ་དྲན་སྟངས་བརྗོད་དུས
རུས་གོག་དེ་སྐྱོ་ཉམས་ཀྱི་ངང་ནས
མིག་ཆུ་གཏོང་གིན་འདུག
རུས་གོག་དེ་ནི་ནམ་ཡང་བརྗེད་མི་ཐུབ་པའི་ལོ་རྒྱུས་ཀྱི་རྡོ་རིང་དང
ངས་མེས་པོ་ཚོའི་རུས་རྐང་འཚོལ་ལམ་ནས་བརྙེད་པའི་སྣང་བརྙན་ཁོ་ནའོ