ཁམས་འབའ་ཐང་དུ་དགེ་འདུན་པ་གསུམ་གྱིས་རྒྱ་གཞུང་ལ་ངོ་རྒོལ།

ཟླ་འདིའི་ཚེས་༨ ཉིན་མདོ་ཁམས་འབའ་ཐང་རྫོང་ཐོག་ཏུ་དགེ་འདུན་པ་གསུམ་གྱི་བོད་ལ་རང་དབང་རང་བཙན་དགོས་ཞེས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་གྲྭ་པ་གཅིག་འཇུ་བཟུང་བྱ་པ་དང་། གཞན་གཉིས་བྲོས་བྱོལ་ལ་སོང་ཡོད་འདུག

དེ་ཡང་འདིར་འབྲེལ་ཡོད་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༣ ཚེས་༨ ཉིན་མདོ་ཁམས་འབའ་ཐང་གླིང་ཁ་གཤིས་ཡ་སོ་དགོན་པའི་དགེ་འདུན་པ་གསུམ་གྱིས་བོད་ཀྱི་རྒྱལ་དར་མཐོན་པོར་འཕྱར་ནས། འབའ་ཐང་རྫོང་ཐོག་ཏུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས། བོད་ལ་རང་བཙན་དགོས། བོད་ཀྱི་སྐད་ཡིག་ལ་རང་དབང་དགོས། ཞེས་སྐད་འབོད་བརྒྱབ་སྟེ་ཁྲོམ་བསྐོར་ངོ་རྒོལ་གྱི་ལས་འགུལ་བརྩམས་ཡོད་པ་དང་། དེ་དུས་ཉེན་རྟོག་པ་མང་པོ་འབྱོར་ཏེ་གྲྭ་གཅིག་འཛིན་བཟུང་འོག་ཚུད་ཡོད་ཀྱང་། དགེ་འདུན་པ་གཞན་གཉིས་བྲོས་བྱོལ་དུ་ཐར་བའི་གནས་ཚུལ་ཐོན་འདུག

དེ་ཡང་གནས་ཚུལ་མཁོ་འདོན་པས་བརྗོད་དོན་ལ་གཞིགས་ན། འཛིན་བཟུང་འོག་ཏུ་ཚུད་པའི་དགེ་འདུན་པ་དེའི་མཚན་ལ་བཀྲ་ཤིས་རྡོ་རྗེ་ཟེར་ཞིང་། གཞན་གཉིས་ཀྱི་མཚན་ད་ལྟའི་ཆར་བརྗོད་བདེ་མེད་པ་དང། ཡང་ཉེ་སྔོན་འབའ་གླིང་ཁ་གཤིས་གྱང་དཀར་དགོན་པས་༸གོང་ས་མཆོག་གི་སྐུ་འདྲ་ཆེན་པོ་ཞིག་བཞེངས་གྲུབ་པ་དེར་རབ་གནས་དགའ་སྟོན་གྱི་མཛད་སྒོ་རྒྱ་གཞུང་གིས་བཀག་འགོག་བྱས་སྟབས། གཞུང་དང་ཡུལ་མིའི་བར་གནས་ཚུལ་ཛ་དྲག་ཆགས་བཞིན་པ་དང། འབའ་གླིང་ཁ་གཤིས་ཡ་སོ་དགོན་པའི་ཕྱོགས་སུ་རྒྱ་མིའི་གཏེར་ཁ་སྔོག་འདོན་བྱེད་བཞིན་པར་ཡུལ་མི་ཚོས་ངོ་རྒོལ་གྱིས་མི་བསད་རྨས་བྱུང་བའི་གནས་ཚུལ་སོགས་ལས་དམ་དྲག་ཤིན་ཏུ་ཆེན་པོ་ཡོད་པའི་གནས་ཚུལ་ཆགས་ཡོད་འདུག