འགྱུར་མཚམས་ཤིག་ཏུ་ངོས་འཛིན་འོས་སམ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༨ ཕྱི་ལོ་ ༢༠༡༣/༣/༦
ད་ལྟའི་ཆར་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཟེར་བའི་ཚོགས་ཆེན་ཚོགས་བཞིན་པ་དང། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བ་དང་སྟབས་བསྟུན་ནས་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་སོགས་ཀྱི་ལས་གནས་དངོས་སུ་བརྗེ་སྤོར་བྱ་རྒྱུའི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་རེད། མི་རབས་གསར་པའི་མགོ་ཁྲིད་དཔུང་ཁག་ཅིག་སླེབས་པ་དེ་དག་གི་ངོས་ནས་སྤྱིར་རྒྱ་ནག་རྒྱལ་ཡོངས་དང་།
ཡང་སྒོས་བོད་དོན་གྱི་ཐོག་ལ་བཟང་ཕྱོགས་སུ་འགྱུར་བ་གཏོང་རྒྱུའི་རེ་བ་ཡོད་མེད་ཐོག་ལ་བསམ་ཚུལ་ཤོད་མཁན་མང་པོ་ཡོད་ལ། ཁག་ཅིག་གིས་ལོ་བཅུའི་དུས་སྐབས་འདི་ཉིད་བཟང་ཕྱོགས་ཀྱི་འགྱུར་མཚམས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད། སྤྱིར་མ་འོངས་པ་ལ་གོ་རིམ་མེད་ཅེས་པ་བཞིན་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་གཏན་ནས་མིན་ཡང། སྤྱི་ཡོངས་ནས་རྒྱ་ནག་མི་མང་གིས་གཞུང་ལ་ངོ་རྒོལ་གྱི་ཚ་རླབས་ཆེན་པོ་ཞིག་འཕྱུར་མ་ཐུབ་ན། དཔོན་རིགས་ཚོའི་ངོས་ནས་འགྱུར་བ་གཏོང་འཆར་མེད་པ་ཧ་ཅང་གསལ་པོ་རེད།
ད་ལྟ་ཚོགས་ཆེན་དེ་དག་གི་སྐོར་ལ་རྒྱ་ནག་ནང་ལོགས་སུ་དྲིལ་བསྒྲགས་དང་སློབ་སྦྱོང་བྱེད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་པ་དང། ལྷག་དོན་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དུ་ཚོགས་ཆེན་ལ་སློབ་སྦྱོང་དགོས་པའི་བཙན་སྐུལ་བྱེད་བཞིན་པ་བོད་ལྗོངས་བརྙན་འཕྲིན་དུ་ཡང་ཡང་སྟོན་བཞིན་འདུག སྤྱིར་མི་མང་གི་ངོས་ནས་རང་མོས་ཀྱིས་དོ་སྣང་བྱས་པ་ཡིན་ན་ད་ལྟའི་དུས་འདིར་དུད་ཁྱིམ་སོ་སོའི་ནང་བརྙན་འཕྲིན་གྱི་མཐུན་རྐྱེན་ཡོད་འོས་པ་དང། ལྷག་དོན་དུ་ལྷ་ས་གྲོང་ཁྱེར་ནང་དུ་སྡོད་མཁན་ཚོ་ལ་དེ་བས་ཀྱང་ཡོད་ངེས་པ་རེད། འོན་ཀྱང་མི་མང་ཚང་མ་མཉམ་དུ་འཛོམས་ནས་ཚོགས་འདུ་ཚོགས་བཞིན་པར་བལྟ་བཅུག་པ་དང། དམར་ཤོག་ཚོགས་མི་རྙིང་པ་རེ་ཟུང་གིས་རྒྱ་གཞུང་གིས་བསླབས་པའི་སྐད་ཆ་ངག་སྐྱོར་བཏང་ནས་བཤད་པའི་སྐབས། གཞན་རྣམས་ཀྱི་གདོང་གི་ཉོབ་སྣང་དང་བལྟ་མི་འདོད་པའི་རྣམ་འགྱུར་ཡང་གསལ་པོ་མངོན་ཡོང་གི་འདུག འོན་ཀྱང་གཞུང་འབྲེལ་གྱིས་གོ་སྒྲིག་བྱས་པའི་འཁྲབ་སྟོན་འདི་ལ་མི་ཞུགས་ཀ་མེད་རེད།
སྤྱིར་རང་དབང་མང་གཙོ་ཅན་གྱི་ལུང་པ་ཞིག་ལ་མཚོན་ན་ཆབ་འབངས་མི་སེར་མང་ཤོས་ཀྱི་བསམ་ཚུལ་ནི་གཞུང་གི་སྲིད་བྱུས་ཐག་གཅོད་བྱེད་པའི་གཞི་འཛིན་ས་དེ་ཡིན་པ་མ་ཟད། དེ་ལྟར་མ་བྱས་ན་ད་ལྟ་ལས་གནས་སུ་ཡོད་བཞིན་པའི་དཔོན་རིགས་དེ་དག་སླར་ཡང་སྲིད་སྟེགས་སུ་སླེབས་མི་སྲིད་པའི་གནས་ལུགས་འདི་ཉིད་འཛམ་གླིང་གི་ཁྱོན་ཡོངས་སུ་གསལ་པོ་ཆགས་ཟིན་ཡང། རྒྱ་དམར་དྲག་གཞུང་གི་དཔོན་རིགས་ཚོས་གང་བཤད་པའི་སྐད་ཆ་དེ་དག་མི་མང་གིས་ངེས་པར་དུ་སློབ་སྦྱོང་བྱེད་དགོས་པ་དང། དཔོན་རིགས་དེ་དག་གིས་གང་བཤད་པ་དེ་མི་མང་གིས་ངེས་པར་དུ་ལག་བསྟར་བྱེད་དགོས་པ་ལས། དཔོན་རིགས་དག་གིས་ལས་དོན་གང་བྱས་ཀྱང་མི་མང་གི་སྣང་བར་འགྲོ་དང་མི་འགྲོ་ལ་བསམ་བློ་གཏན་ནས་གཏོང་མི་དགོས་པར་དུས་ཡུན་གྱི་ཆ་ནས་ཅུང་མི་འདྲ་བ་མ་གཏོགས། སྲིད་དབང་གཅིག་སྡུད་བྱེད་སྟངས་ཀྱི་ཐོག་ནས་བལྟས་ན་གནའ་དུས་ཀྱི་རྒྱལ་པོའི་ལམ་ལུགས་དང་གཅིག་པ་གཅིག་རྐྱང་དུ་གྱུར་ཡོད།
ད་ལན་ཚོགས་ཆེན་གཉིས་དང་ལྷག་དོན་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་སྐབས་སུ་དཔོན་རིགས་རྣམས་ཀྱི་གོ་གནས་རྩིས་སྤྲོད་གཏན་འཁེལ་བྱ་རྒྱུའི་ཆོ་ག་ལྟ་བུ་ཡིན་ཡང། དོན་དངོས་སུ་ད་ལྟའི་ཆར་འགན་ཁུར་བཞིན་པའི་དཔོན་པོ་དག་གིས་ཡོངས་སུ་ཐག་གཅོད་དང་གཏན་འཁེལ་བྱས་ཟིན་པ་རེད། ཚོགས་ཆེན་སྐབས་མིང་འདོན་བྱས་ནས་ཚོགས་ཞུགས་པ་རྣམས་ཀྱིས་འོས་འདེམས་དང་མོས་མཐུན་གྱི་ཐོག་ནས་བདམས་པ་ཡིན་པའི་མིང་ཙམ་འདོགས་ཀྱི་ཡོད་པ་དང། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བའི་སྐབས་སུ་ཐག་གཅོད་བྱེད་པའི་རྣམ་འགྱུར་ལ་བལྟས་ན། ཚང་མས་མོས་མཐུན་གྱི་ལག་པ་དུས་གཅིག་ཏུ་གནམ་ལ་འགྱོགས་པ་ལས། མོས་མཐུན་མེད་པའི་རྣམ་འགྱུར་གཅིག་ཀྱང་མཐོང་རྒྱུ་མེད་པ་ལྟ་བུ་འདི་གཅིག་སྡུད་རིང་ལུགས་པའི་ངོས་ནས་རྒྱལ་ཁ་ཞིག་ཡིན་ཡང། མི་མང་གིས་བདམས་པ་མ་ཡིན་པར་གཞུང་གིས་ཐད་ཀར་བསྐོས་པའི་ཚོགས་ཞུགས་འཐུས་མི་དག་ལ་རང་དབང་གཏན་ནས་མེད་པ་མཚོན་ཐུབ་ལ། དེ་ལ་བརྟེན་ནས་རྒྱ་ནག་རྒྱལ་ཡོངས་ཀྱི་རང་དབང་མེད་པའི་གནས་སྟངས་ཀྱང་གསལ་སྟོན་བྱས་ཡོད།
གནད་དོན་འདི་དག་གི་ཐོག་ནས་བསམ་བློ་བཏང་ན་རྒྱ་གཞུང་གི་དཔོན་རིགས་གསར་པ་སླེབས་པ་ཙམ་གྱིས་རྒྱ་ནག་ཁྱོན་ཡོངས་ཀྱི་སྲིད་བྱུས་ལ་འགྱུར་བ་འགྲོ་བའི་རེ་བ་ཆེར་མེད་ལ། བོད་ནང་དུ་སྲིད་བྱུས་ལྷོད་དུ་གཏོང་རྒྱུའི་རེ་བ་དེ་བས་ཀྱང་མེད། མདོར་ན་རྒྱ་ནག་ནང་དུ་འགྱུར་བ་ཆེན་པོ་ཞིག་འགྲོ་དང་མི་འགྲོ་དེ་རྒྱ་ནག་མི་མང་གི་ངོས་ནས་རང་དབང་རྩོད་ལེན་བྱེད་སྟངས་ལ་རག་ལས་པ་ལས། དཔོན་རིགས་ཚོས་མར་མི་མང་ལ་རང་དབང་མང་གཙོ་གསོལ་རས་སུ་བསྩལ་རྒྱུ་མིན་པ་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་གསལ་པོ་རེད། འོན་ཀྱང་འཛམ་བུའི་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་འདིའི་ནང་དུ་མཁྲེགས་འཛིན་ཅན་གྱི་ཁ་ཆེའི་སྲིད་གཞུང་དག་ལའང་འགྱུར་བ་འགྲོ་བཞིན་ཡོད་པས། རྒྱ་དམར་དྲག་གཞུང་གི་གནས་སྟངས་འདི་ལ་འགྱུར་བ་གཏན་ནས་འགྲོ་མི་སྲིད་པ་ཞིག་ཡིན་པར་སུས་ཀྱང་ངོས་འཛིན་བྱེད་དཀའ་བས། སྔ་ཕྱི་མ་གཏོགས་རྒྱ་ནག་མི་མང་གཉིད་སད་རྒྱུའི་དུས་ཚོད་ཅིག་འཆར་ངེས་པ་རེད། དེར་བརྟེན་བོད་དོན་འཐབ་རྩོད་ཀྱི་ཞི་རྒོལ་དེ་དག་ཀྱང་སྐབས་དེ་དུས་རྒྱ་མི་རིགས་ཀྱིས་མིག་དཔེ་ཞིག་ཏུ་འགྱུར་སྲིད་པ་ཞིག་རེད་སྙམ།།