“ཁ་དང་ཁ་སྤུ་དབྱེ་འབྱེད་”ཀྱི་མཇུག་འབྲས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༢༩ ཕྱི་ལོ་ ༢༠༡༣/༣/༡༣
རྒྱ་དམར་དྲག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་གྱིས་དབང་བསྒྱུར་བྱས་ནས་མི་ལོ་ཧྲིལ་པོ་༥༤ འཁོར་བ་དང། བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གྱི་ས་གནས་མང་ཆེ་བར་གསུམ་བཅུའི་དུས་དྲན་དེ་སྲུང་བརྩི་དང་འབྲེལ། ལས་འགུལ་གྱི་རྣམ་གྲངས་མི་འདྲ་བ་གང་མང་ཞིག་སྤེལ་བཞིན་ཡོད་པ་རེད།

དུས་རབས་ཕྱེད་ལྷག་ཙམ་འདས་ཟིན་ནའང་བོད་མི་རིགས་ཀྱི་སེམས་ནང་དུ་རྒྱ་གཞུང་ལ་འཁོན་འཛིན་དང། མནར་གཅོད་བཏང་བའི་ཟུག་རྔུ་རྣམས་ད་དུང་ཡལ་མེད་ལ། རྒྱ་གཞུང་གི་བྱེད་སྟངས་འདི་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་མ་སོང་ན་མ་འོངས་པར་མི་ལོ་༡༠༠ སོང་ཡང། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་མི་མང་གིས་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་དེ་མུ་མཐུད་འཛིན་རྒྱུ་ཡིན་པ་ཧ་ཅང་གསལ་པོར་གྱུར་འདུག

 

ལོ་འདིར་ཡང་བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར་ཞི་བའི་ངོ་རྒོལ་སྐད་འབོད་གང་མང་བྱུང་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་དྷ་རམ་ས་ལར་མཚོན་ན། ལོ་ལྟར་གཞུང་འབྲེལ་གྱི་མཛད་སྒོ་གྲུབ་རྗེས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་སྣེ་ཁྲིད་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་ལྟ་བུ་སྤེལ་བཞིན་ཡོད་པ་རེད། ལོ་འདིར་ཡང་ལོ་སྔོན་མ་རྣམས་ལས་མི་གྲངས་མང་བ་ལྟ་བུ་མཉམ་ཞུགས་བྱས་འདུག་ལ། གཞུང་ཞབས་ལས་བྱེད་པའི་ནང་ནས་ཀྱང་ལོ་ན་ཆུང་བའི་གྲས་སྔོན་ལས་མང་ཙམ་མཉམ་ཞུགས་བྱས་འདུག འོན་ཀྱང་མཉམ་ཞུགས་བྱེད་མཁན་མི་འབོར་གྱི་གྲུབ་ཆ་ལ་འགྱུར་བ་ཆེན་པོ་ཞིག་སོང་ཡོད་པ་ནི། ལོ་འདིར་དགེ་འདུན་པ་ལོ་སྔ་མ་རྣམས་དང་བསྡུར་ན་ཧ་ཅང་ཉུང་ཉུང་ཆགས་འདུག

ནམ་རྒྱུན་མདུན་ཕྱོགས་སུ་དགེ་འདུན་པ་ཕེབས་དུས་དམར་མདོག་གིས་ས་གཞི་ཁེབས་པ་ལྟ་བུའི་ཚོར་སྣང་ཞིག་སྤྲད་ཡོང་བ་དང། ལས་འགུལ་ཁག་ལ་མཉམ་ཞུགས་གནང་བ་ཙམ་མིན་པར། ཆོས་དང་རིག་གནས་སྲུང་སྐྱོབ་སོགས་བཙན་བྱོལ་ནང་དགེ་འདུན་པ་ནི་བོད་མི་རིགས་ཀྱི་སྲོག་འཛིན་པར་གྱུར་ཡོད། སྐབས་རེ་གསུམ་བཅུའི་དུས་དྲན་དེ་དགེ་ལྡན་སྨོན་ལམ་ཆེན་མོ་དང་སྟབས་གཅིག་ཏུ་ཁེལ་བས། དྷ་སའི་དུས་དྲན་ནང་དགེ་འདུན་པ་མང་བ་ཡིན་མོད། གཞན་ཡང་དྷ་སར་རྣམ་རྒྱལ་གྲྭ་ཚང་དང། རྒྱུད་སྟོད་གྲྭ་ཚང། ཀིརྟི་གྲྭ་ཚང་སོགས་ཡོད་ལ། ད་དུང་དགོན་པ་ཆུང་ཁག་དང་བཙུན་དགོན་མང་དག་ཅིག་ཀྱང་ཡོད། ལོ་འདིར་ལས་འགུལ་དུ་ཞུགས་མཁན་གྲྭ་བཙུན་རེ་རེ་བཞིན་གྲངས་ཀ་བརྒྱབ་དུས་༢༣༠ ལས་མང་བ་མི་འདུག་པ་དང། དེའི་ནང་ནས་མང་ཤོས་ནི་བཙུན་མ་རེད། ད་དུང་གྲྭ་པ་མང་ཆེ་བ་ཡང་ཕྱོགས་མཐའ་ཁག་ནས་ཕེབས་མཁན་རེད་ཅེས་བརྗོད་ཆོག་པ་ལྟ་བུ་འདུག

གནད་དོན་འདི་ལོ་སྔོན་མར་དགེ་ལྡན་སྤྱི་ལ་ཁྱབ་པའི་སྒྲིག་གཞིའི་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་སྣེ་ཁྲིད་པའི་ལས་འགུལ་ནང་གྲྭ་བཙུན་རྣམས་མཉམ་ཞུགས་མི་ཆོག་ཅེས་བཀོད་ཡོད་ཚུལ་ཐོས་རྒྱུ་འདུག་པ་དང། དགོན་སྡེ་ཁ་ཤས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་གོ་སྒྲིག་བྱས་པའི་ལས་འགུལ་ལྟ་ཅི། མཆོད་འབུལ་སྨོན་ལམ་ཙམ་ལའང་མཉམ་ཞུགས་གནང་གི་མེད་ཚུལ་ཡང་ཐོས་རྒྱུ་འདུག་པ་འདི་དག་གི་ཤུགས་རྐྱེན་ལ་བརྟེན་ནས། ད་ལོའི་གསུམ་དུས་སྐབས་དྷ་སར་དགེ་འདུན་པ་འཛུལ་ཞུགས་བྱེད་མཁན་ཉུང་དུ་སོང་བ་ཞིག་ཡིན་མིན། དགེ་འདུན་པ་རྣམས་ཀྱིས་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་ནང་འཛུལ་ཞུགས་བྱ་རྒྱུ་ཕྱོགས་ཡོངས་ནས་ཉུང་དུ་གཏོང་འཆར་ཡིན་མིན། ཡང་ན་རྒྱུ་མཚན་དང་རྒྱབ་ལྗོངས་གང་ཡང་མེད་ཀྱང། སྟབས་སྟེས་དབང་ཞིག་གིས་ད་ལོ་ཉུང་དུ་སོང་བ་ཡིན་འདི་དག་མིག་སྔའི་དྲི་བ་གལ་ཆེན་ཁག་རེད།

བཙན་བྱོལ་ནང་“ཁ་དང་ཁ་སྤུ་དབྱེ་འབྱེད་”ཅེས་པའི་འབོད་ཚིག་དང་ལས་འགུལ་དེ་མངོན་གསལ་དང། མངོན་པར་མི་གསལ་བའི་ཐོག་ནས་འགྲོ་བཞིན་ཡོད་ལ། མང་ཆེ་བས་དང་ལེན་ཐུབ་པ་དོལ་རྒྱལ་དང་འབྲེལ་བའི་ཐོག་ནས་ལས་འགུལ་འདི་མངོན་གསལ་དོད་པོའི་ཐོག་ནས་སྤེལ་ཡོད། བར་ལམ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐུན་མིན་ཐོག་ལའང་ལས་འགུལ་འདི་ཅུང་མངོན་པར་མི་གསལ་བའི་ཐོག་ནས་སྤེལ་སོང་ལ། ཚོགས་ཁང་ག་གེ་མོ་དང། ག་གེ་མོ་སླད་ཆབ་སྲིད་དང་འབྲེལ་བའི་ཚོགས་འདུ་ཁག་ལ་གཡར་མི་ཆོག་པའི་བཀའ་ཉེས་ཕོག་པ་ལྟ་བུ་སོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་“དབུ་མའི་ལམ་”ཞེས་པ་ལྟ་བུ་ལས། གཞན་རྣམས་ལ་དྷ་སའི་རི་སྒང་ཆུང་ཆུང་འདིར་“ཁ་དང་ཁ་སྤུ་དབྱེ་འབྱེད་”ཀྱི་ལས་འགུལ་མང་དག་ཅིག་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་ཡོང་གི་འདུག

སྤྱིར་ཁ་དང་ཁ་སྤུ་གཉིས་དབྱེ་འབྱེད་ཇི་ལྟར་བྱས་ཀྱང། རང་བཞིན་ལྷན་སྐྱེས་ཀྱིས་ཁ་འབྲལ་ཐབས་མེད་པར་ཐེངས་གཅིག་བཞར་ཡང་བསྐྱར་དུ་སྐྱེ་ཡོང་བ་ཞིག་ཡིན་པ་མ་ཟད། ཁ་སྤུ་བཞར་བཞིན་བཞར་བཞིན་མང་དུ་འགྲོ་བ་ཆོས་ཉིད་ཡིན་པར་བརྟེན། རྦད་དེ་འབྲེལ་བ་མེད་པ་ཞིག་བཟོ་བའི་དོན་དུ་དཔེ་དེ་ཉིད་འོས་འཚམས་ཤིག་མིན་ཡང། སྐབས་དང་དུས་སོ་སོར་མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་དོན་གྱི་དཔེ་དེ་ཉིད་ཆེད་དུ་སྦྱར་བ་ཞིག་ཀྱང་ཡིན་མི་སྲིད་པ་གཏན་ནས་མ་རེད། གང་ལྟར་དམིགས་ཡུལ་གཅིག་དང། འཐབ་རྩོད་གཅིག་གི་ཐོག་ནས་འགྲོ་བའི་སྐབས་སུ་གཞུང་གི་ལས་ཁུངས་ཁག་དང། རང་སྐྱོང་དང་ཟུར་སྐྱོང་སྡེ་ཚན་ཁག གཞུང་འབྲེལ་མ་ཡིན་པ་དང། ཆབ་སྲིད་ཀྱི་ལངས་ཕྱོགས་མཐུན་མིན་སོགས་ཀྱི་ཐོག་ནས། ཧ་ཅང་དབྱེ་འབྱེད་བྱེད་རྒྱུ་མང་སོང་ན་བཙན་བྱོལ་བོད་མི་ཉུང་ཤས་འདི་དག་ཁ་འཐོར་དགུ་འཐོར་དུ་འགྱུར་བ་ཞིག་ལས། ཕན་འབྲས་ཆེན་པོ་ཞིག་ཡོད་མེད་ཀྱང་དུས་བབས་ཀྱི་ཐོག་ནས་བཤད་དཀའ་བ་ཞིག་ཏུ་གྱུར་འདུག།།