དཀོན་མཆོག་ལགས་བཀའ་དྲིན་ཆེ།

 དཀའ་སྡུག་གི་སེམས་ཁམས་གསོ་མཁན་གྱི་བདག་གི་དཀོན་མཆོག་ལགས
ཁྱེད་ནི་བདག་གི་ལྷ་སྐར་གྱི་ཚུལ་དུ་ཕེབས་ཏེ་ཡོད་ཚད་ཐག་གཅོད་གནང་མཁན་འདྲ
རིན་ཐང་གི་ལྟ་བ་མི་གཅིག་པའི་བྱིས་པ་འགས་ཁྱེད་ལ་སྨོད་ན་ཡང་
ང་ནི་ནམ་ཡང་ཁྱོད་ལ་དད་སེམས་ཀྱི་མེ་ཏོག་སྟོར་མཁན་དང་
སྐྱིད་སྡུག་གི་བློ་འདྲི་བྱ་ཡུལ་ཡིན་པས་ཅིས་ཀྱང་མ་བརྗེད་རོགས།

 
འཚོལ་སྙེག་གི་རྨི་ལམ་ལ་བདེན་ཁ་སྟེར་མཁན་གྱི་བདག་གི་དཀོན་མཆོག་ལགས
ཁྱོད་ནི་བདག་གི་རེ་སྒུག་གི་ཁྱོམ་གཞིས་དེར་བྱོན་མཁན་གྱི་ལྷ་སྐུ་གལ་ཆེན་ནམ
རྒྱང་རིང་གི་མུས་མཐའ་ནས་འཚེར་བའི་གསེར་མདོག་གི་གོང་བུ་དེ་ཡིན་སྟབས
ངས་ཁྱེད་ལ་དུང་སེམས་དང་དད་སེམས་ཅིག་ཅར་དུ་སྟོན་ཞོར
ཆེས་གཟེངས་ཆ་མཐོ་བའི་བརྩེ་དུང་གི་དབྱངས་ལྟ་ཞིག་གྱེར་ན་འདོད།
 
མནར་གཅོད་དང་རྡུག་གྱོང་གི་ཕམ་ཁ་ནས་སྐྱོབ་པའི་བདག་གི་དཀོན་མཆོག་ལགས
སྟོན་མཇུག་གི་ལོ་མ་ས་ལ་ཟེགས་ཏེ་དགུན་གསུམ་གྱི་ངར་ཁ་ཤད་ཀྱིས་རྒྱུ་དུས
བདག་གི་ལུས་ཁམས་ལ་ཟུང་ཁྲག་གི་སྲོག་རྩ་སྟེར་མཁན་གྱི་དྲིན་པོ་ཆེ
ངས་ནམ་ཡང་ཁྱེད་ཉིད་བདག་གི་སྤྱི་གཙུག་གི་ནོར་བུ་རུ་སྒོམ་སྟེ
མཆོད་མེ་རྐུང་བུ་གང་གི་འོད་ཞགས་ཀྱི་གསལ་ཁ་ཚུན་ཆད་ཁྱེད་ལ་ཕུལ་ཡོད་པས
རྟག་ཏུ་བདག་གི་མགོན་དཔུང་དུ་བཞེངས་ཏེ་ལམ་སྟོན་གྱི་སྒྲོན་མེ་སྤར་རོགས།
 
ཀྱག་ཀྱོག་གི་ལམ་ཁ་འདི་ན་བདམ་བྱ་མེད་པའི་ངེས་དོན་གྱི་བདག་གི་དཀོན་མཆོག་ལགས
བདག་གི་ཕ་ཁྱིམ་གྱི་ལྷས་རྭ་ཆུང་ཆུང་དེར་དྲོད་ཁོལ་གྱི་བཟི་ཁ་ཉུང་ན་ཡང་
བདག་གི་ལྷད་མེད་ཀྱི་གཤིས་ཀ་གྱོང་པོ་དེར་གུས་བཀུར་གྱི་རྣམ་འགྱུར་སྐྱོ་ན་ཡང
སེམས་གཏིང་གི་འབོད་སྒྲ་རེ་རེ་ལ་བསླུ་མེད་ཀྱི་གཏན་ཚིགས་རེ་རེ་བདོག་པས
རྟག་ཏུ་བདག་གི་རྣམ་ཤེས་ཀྱི་ཨ་ལོང་ལ་འཇུས་ཏེ་བྱིན་རླབས་ཀྱི་ཚན་ཁ་སྩོལ་རོགས།།
ངེས་དོན་གྱི་བདག་གི་དཀོན་མཆོག་ལགས
རྗེད་མེད་ཀྱི་བདག་གི་སེམས་རྟེན་ལགས
ནོར་མེད་ཀྱི་བདག་གི་མགོན་དཔུང་ལགས།
                                                 ༢༠༡༣་༣་༢༠་ཉིན།