ཞི་ཅིང་ཕིན་གྱི་ཐོག་མའི་འཚམ་འདྲིས་ཆབ་སྲིད་ཀྱི་ཁ་ཕྱོཌ་མངོན་པ།
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གྱིས་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་འགན་བཞེས་རྗེས་ཕྱི་ཟླ་༣པའི་ཚེས་༢༢ཉིན་ཨུ་རི་སུར་ཆེས་ཐོག་མའི་ཕྱིར་བསྐྱོད་འཚམས་འདྲིར་ཕེབས་ཡོད་པ་དང་། ཁོང་གི་ཐེངས་འདིའི་ཆེས་ཐོག་མའི་འཚམས་གཟིགས་ལ་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད་པ་རེད།
ཞི་ཅིང་ཕིན་གྱིས་ཨུ་རི་སིའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་སྐབས་ཀྱི་སྐད་ཆ་ཚིག་ཁ་ཤས་ལས་འཕྲོས་ཏེ། ཁོང་རང་ཉིད་ཀྱི་མི་གཤིས་དང་མ་འོངས་པའི་ཁོང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་སོགས་ཀྱི་ཐད་ལ་དཔྱད་བརྗོད་དང་གླེང་སློང་སྣ་ཚོགས་བྱུང་ཡོད། གསར་འགྱུར་དཔྱད་བརྗོད་ཀྱི་རྩོམ་ཡིག་འདི་ནི་ཟླ་འདིའི་ཚེས་༢ ཉིན་རྒྱ་ཡིག་གི་དྲ་རྒྱ་པོའོ་ཞི་ཐོག་ཏུ་སྤེལ་ཡོད་ལ། ཐེངས་འདིའི་སྲིད་འཛིན་ཞི་ཡི་ཕྱིར་བསྐྱོད་འཚམས་གཟིགས་སྐབས་ཀྱི་བྱ་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་རེད།
ཞི་ཅིང་ཕིན་གྱིས་རྒྱལ་ཁབ་ཀྱི་སྲིད་འཛིན་གོ་གནས་བཞེས་རྗེས་ཐེངས་དང་པོ་ཕྱོགས་བསྐྱོད་བྱས་ཡོད་པ་དང་། ཨུ་རི་སུ་ཆེས་ཐོག་མའི་མཚམས་འདྲིའི་རྒྱལ་ཁབ་ཡིན་པ་རེད། དེའི་རྗེས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁ་ཤས་ཤིག་གི་ནང་དུ་བསྐྱོད་དེ་ཐེངས་འདིའི་ཕྱོགས་བསྐྱོད་གྲུབ་པར་བྱས་ཡོད་པ་དང་། ལྷག་པར་དུ་ཁོང་གི་ལྕམ་ཕིང་ལི་ཡཱེ་ལ་རྒྱལ་ཁབ་ཕྱི་ནང་གང་སར་ཚད་མཐོས་དོ་སྣང་དང་ལྟ་སྟངས་ཀྱང་སྣ་ཚོགས་ཤིག་ཡོད་ནའང་། གཙོ་བོ་དེ་ཞི་ཅིན་ཕིང་གིས་བཤད་པའི་སྐད་ཆ་ཚིག་ཁ་ཤས་ཀྱིས་ཁོའི་གཤིས་ཀ་དང་རྩ་བའི་སྲིད་འཛིན་གྱི་ཁ་ཕྱོགས་ཕྱིར་མངོན་ཡོད།
ཞི་ཅིང་ཕིན་རྒྱ་ནག་གི་ཕུའུ་ཅིན་ཡིན་ནམ། ཞི་ཅིང་ཕིན་ཨུ་རི་སུར་འཚམས་གཟིགས་སུ་ཕེབས་པའི་ཞིབ་ཕྲའི་གནས་ཚུལ་ཁག་ལ་ཡང་ཨུ་རི་སུའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་བྱས་ཡོད་པ་དང་། ཕྱིས་ཚེས་༢༢ ཉིན་ཞི་ཅིང་ཕིན་གྱིས་ཨུ་རི་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་སྐབས་ངས་ངེད་གཉིས་ཀྱི་གཤིས་ཀ་ཧ་ཅང་འདྲ་བོ་ཚོར་གྱི་ཡོད་ཅེས་བརྗོད་འདུག ཨུ་རི་སུའི་(གུང་གཞོན)གསར་ཤོག་དང་(གསར་འཕྲིན)སོགས་རྒྱུགས་ཆེ་བའི་བརྒྱུད་ལམ་ཁག་གིས་ཀྱང་སྐད་ཆ་དེར་དོ་སྣང་བྱུང་ཡོད་པ་མ་ཟད། ཐད་ཀར་བརྒྱུད་བསྒྲགས་བྱས་ཡོད་པ་རེད།
སྐད་ཆ་དེར་བརྟེན་ནས་ཞི་ཅིང་ཕིན་སྲིད་འཛིན་ཕུའུ་ཅིང་ལ་དགའ་བོ་ཡོད་པ་ཤེས་ཐུབ་ཀྱི་ཡོད། ཡིན་ནའང་། ཕུའུ་ཅིན་ནི་རྒྱ་ནག་དང་ནུབ་ཕྱོགས་སུ་རྩོད་གཞི་ཅན་གྱི་མི་སྣ་ཞིག་ཆགས་ཡོད། སྲིད་འཛིན་ཞི་ཅིང་ཕིན་སྲིད་འཛིན་ཕུའུ་ཅིན་ལ་དགའ་བོ་ཡོད་པ་ཡིན་ན། དེ་ནི་རྒྱ་ནག་མི་མང་ནང་དུ་ཕུའུ་ཅིན་ལ་དྲང་ཕྱོགས་སུ་ལྟ་སྟངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཁོང་གི་བཙན་དབང་ལ་དགའ་བོ་ཡོད་ངེས་པ་རེད།
ཕུའུ་ཅིན་གྱི་བཙན་དབང་ནི་རྒྱལ་ནང་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ཏུའང་དབང་ཤུགས་བཙན་པ་དང་། གལ་ཏེ་སྲིད་འཛིན་ཞི་ཡིས་ཕུའུ་ཅིན་ལ་སློབ་སྦྱོང་བྱེད་པ་ཡིན་ན། རྒྱ་ནག་ལ་ད་དུང་ཆ་རྐྱེན་གཉིས་ཚང་མེད། ཨུ་རི་སུ་ནི་ཨ་རིའི་རྗེས་ཀྱི་དམག་དོན་ཨང་གཉིས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དང་། དམག་དོན་ཐོག་ནས་ཨ་རིས་ཀྱང་གུས་ཞུམ་བྱེད་དགོས་ས་ཞིག་ཆགས་ཡོད། རྒྱ་ནག་གི་མིག་སྔའི་དམག་ཤུགས་ནི་ད་དུང་འབད་བརྩོན་གྱིས་ཨུ་རི་སུའི་འཐབ་འཕྲུལ་དང་། མེ་ཤུགས། མཁའ་གྲུ་སོགས་ལ་དཔེ་ལེན་བཞིན་པའི་སྒང་ཡིན་ལ། ད་དུང་འདྲ་སའི་ཚད་ཙམ་དུའང་སླེབས་མེད། དེ་ལས་ཀྱང་རྒྱ་ནག་ལ་ཆ་རྐྱེན་གལ་ཆེ་ཤོས་གཞན་ཞིག་ཚང་མེད། ཨུ་རི་སུ་ནི་ལམ་ལུགས་ཀྱི་སྟེང་ནས་མང་གཙོའི་སྤྱི་ཚོགས་ཤིག་ཡིན་པ་དང་། རྒྱ་ནག་ནི་ད་དུང་འཛམ་གླིང་སྟེང་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཉུང་ཤས་ཤིག་ཡོད་པའི་ནང་གི་གཅིག་ཡིན།
རྒྱལ་སྤྱིའི་ནང་ཕུའུ་ཅིན་གྱི་གདེང་འཇོག་ལ་བལྟས་ན། ཕུའུ་ཅིན་རླབས་ཆེན་གྱི་མི་སྣ་ཞིག་ཏུ་འགྱུར་ཐབས་མེད་པ་དང་། ཕུའུ་ཅིན་ག་ཚོད་རླབས་ཆེན་ཡང་། ཨུ་རི་སུ་ནང་དུའང་ཕུའུ་ཅིན་རླབས་ཆེན་ཞིག་ཆགས་པའི་གོ་སྐབས་ཡེ་ནས་མེད། དེ་ལས་ལྡོག་ཏེ་ཞི་ཅིང་ཕིན་རླབས་ཆེན་གྱི་མི་སྣ་ཞིག་ཏུ་འགྱུར་མིན་གྱི་འགག་རྩའི་ཆ་རྐྱེན་དེ། སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་རྒྱ་ནག་ལ་རེ་བ་གསར་པ་ཞིག་འཁྲུངས་པར་རེ་སྒུག་བྱེད་བཞིན་པ་དེ་རེད།
འཛམ་གླིང་ཐོག་རླབས་ཆེན་གྱི་མི་སྣ་གཉིས་ཀྱིས་རང་ཉིད་ཀྱི་གོ་དབང་བློས་བཏང་མྱོང་བ་དང་། གཅིག་ནི་(George • Washington)རྗོའུ་རྗི་ཝ་ཤིན་ཀྲོན་རེད་ལ། གཞན་དེ་(Gorbachev)ལྒོའོ་བྷ་ཆི་ཧྥི་ལགས་རེད། ཞི་ཅིང་ཕིན་གྱིས་ཕུའུ་ཅིན་གྱི་གཤིས་ཀ་ལ་དགའ་བོ་བྱས་པ་ལས་ཏན་ཏན་ཏིག་ཏིག་གིས་རྒྱ་ནག་གི་ལྒོའོ་བྷ་ཆི་ཧྤི་ཞིག་བྱེད་ན་བཟང་། གལ་སྲིད་རྒྱ་ནག་དེ་མང་གཙོ་དང་རང་དབང་གི་རྒྱལ་ཁབ་ཅིག་ཏུ་ཁ་ཕྱོགས་ན་གོང་གི་རླབས་ཆེན་གྱི་མི་སྣ་གཉིས་ལྟ་བུ་ཞིག་མེད་ཐབས་མེད། རྒྱུ་མཚན་ནི་རྒྱ་ནག་ཅི་ལྟར་ཡང་མི་གྲངས་དུང་ཕྱུར་༡༤ ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད། ད་ལྟའི་རྒྱ་ནག་གི་ཉེན་ཁ་མང་པོ་ཞིག་སྔར་བྱུང་མེད་པ་དང་།སྤྱི་ཚོགས་འགལ་ཟླ་ཚབས་ཆེ་བ་མ་ཟད། ཁེ་གཉེར་ཤོག་ཁག་གི་དབང་ཤུགས་ཧ་ཅང་སྟོབས་ཆེ། རྒྱ་ནག་ལ་འཕྲད་བཞིན་པའི་ཉེན་ཁ་ནི་དཔལ་འབྱོར་སྦོ་ལུགས་པ་གཅིག་པུ་མ་ཡིན་པར། ད་དུང་ནང་འཁྲུག་སོགས་ཡོད། རྒྱ་ནག་མ་འོངས་པར་ཞི་བདེ་སྲ་བརྟན་ངང་མང་གཙོའི་སྤྱི་ཚོགས་ཤིག་ཏུ་གོམ་པ་སྤོ་ཐུབ་མིན་དེ། རྒྱ་ནག་མི་མང་དུང་ཕྱུར་༡༤ཡི་ཁེ་ཕན་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་དང་ལུང་པ་སོ་སོར་ཤུགས་རྐྱེན་ཐེབས་ངེས་པ་ཞིག་རེད།
ཞི་ཅིང་ཕིན་ནི་རྒྱ་ནག་གི་དཔོན་རབས་འགོ་ཁྲིད་འགའི་ནང་གི་དབང་ཆ་ཐོན་ཁུངས་ཆེ་ཤོས་མོའོ་ཙིན་ཏུང་རྗེས་ཀྱི་དཔོན་པོ་དེ་ཡིན། རྒྱ་ནག་མི་མང་སྲིད་གཞུང་གི་གནོན་ཤུགས་སུ་གྱུར་པ་དང་ཆབ་སྲིད་གསར་བརྗེའི་འབོད་སྒྲ་སྔར་གྲགས་མྱོང་མེད། དེར་བརྟེན།ཞི་ཅིང་ཕིན་རྒྱ་ནག་གི་ལོ་རྒྱུས་གསར་གཏོད་མཁན་ཞིག་དང་། རྒྱ་ནག་དམར་ཤོག་གི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཆགས་པའི་གོ་སྐབས་ཧ་ཅང་ཆེ། ཞི་ཅིང་ཕིན་གྱིས་ཨུ་རི་སུ་རུ་ལྷམ་གྱི་གཞུང་ལུགས་བཤད་ཡོད། དེ་ལྟར་ནའང་ཞི་ཅིང་ཕིན་དང་ལི་ཁེ་ཆིང་གི་དུས་སྐབས་སུ། རྐང་པར་རན་པའི་ལྷམ་ཞིག་གོན་ཏེ་ཡང་དག་པའི་ལམ་བུར་བསྐྱོད་པ་དང་། རྒྱ་ནག་མི་མང་ལ་རང་ཉིད་ཀྱི་ལྷམ་བདམ་ཁ་ཆོག་པའི་དུས་རབས་ཤིག་ཏུ་འཁྲིད་ཐུབ་པར་བྱ་དགོས།
