རྒོལ་ལན་མདའ་ཁུར་མ།
ཆོས་ལུགས་ལ་ཆོས་ལུགས་ཀྱི་ལྟ་སྟངས་དང་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་དབྱེ་ཞིབ་སྙན་ངག་ལ་སྒྱུ་རྩལ་གྱི་གོ་སྟངས་ཤིག་ཡོད་པ་རེད།
འདིར་ལྟར་དབྱེ་ཞིབ་དང་གོ་ཤེས་བྱེད་མ་ཐུབ་ཚེ་ཚང་མ་གདུང་ཐུག་དང་ར་འཛིང་བྱེད་ཡོང་།
དཔེར་ན་ལོ་རྒྱུས་ལ་ལྟ་ཡོང་ཚེ་ཆོས་ལུགས་བླ་མས་དམག་སྣ་ཁྲིད་པ་དང་ངན་སྤྱོད་འཁྲབ་པ་སོགས་ལུག་ཟམ་ཐོག་ནས་གཤར་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོང་དུས།དག་སྣང་གི་ལྟ་བ་དུ་མ་ཞིག་འཇའ་གཟུགས་བཞིན་རང་ཡལ་དུ་འགྲོ་བ་དང་།ཆོས་ལུགས་ཀྱི་དག་སྣང་སྦྱང་དུས་ལོ་རྒྱུས་དང་འཇིག་རྟེན་གྱི་རྙོག་འཛིང་ཡོངས་རྫོགས་ལ་ཞེ་ལོག་སྙིང་པོ་མེད་པར་མཐོང་ཡོང་།སྙན་ངག་གི་སྐད་ཆ་ལ་ཉན་ཚེ་འཁོར་བར་མཛེས་སྡུག་དང་འཇིག་རྟེན་ལ་གསོན་རེ་དུ་མ་ཞིག་བསླེབས་ཡོང་།
ཤཱཀྱ་ཐུབ་པས་འཇིག་རྟེན་ལ་གསར་བཏོད་གནང་བའི་ནང་བསྟན་མཚན་ཉིད་རིག་པའི་ངོས་ནས་མི་ཡུལ་དུ་ཞེ་ཁ་ན་བའི་ལོ་རྒྱུས་ཤིག་གཞལ་ན་རྙེད་རྒྱུ་དང་སྙོབ་ན་རེག་རྒྱུ་ཞིག་མེད་ཀྱང་།
གོ་ལའི་ཡང་རྩེ་ནས་སངས་རྒྱས་སུ་མིང་བཏགས་ཤིང་དཀོན་མཆོག་ཏུ་བསྐོས་བཞག་བྱས་པའི་ཆེ་དགུ་གཉན་གསུམ་གྱིས་བྱས་ཉེས་རྣམས་སངས་རྒྱས་ཆོས་ལུགས་ལ་བསྲེས་མི་ཉེན་བ་ནི་རྩ་བའི་གནད་འགག་ཅིག་རེད།
སྤྲུལ་སྐུ་ཁོང་ཚོ་དང་ཆོས་པ་ང་ཚོས་སྒྲུབ་རྒྱུ་ཐར་པའི་ཚབ་ཏུ་འཁོར་བ་དང་སྙན་གྲགས་དཔལ་འབྱོར་དང་གོ་ས་ཁོ་ན་བསྒྲུབས་ནས་སངས་རྒྱས་ཆོས་ཀྱི་ལྡོག་ཕྱོགས་ལ་ལངས་ཆེ་སོང་བའི་ངན་སྤྱོད་མང་དྲགས་པས་སྤྱི་ཚོགས་དབྱེ་ཞིབ་དང་ལོ་རྒྱུས་ཉམས་ཞིབ་པ་ཚོའི་མིག་ནང་དུ་རྣམ་པ་གཞན་ཞིག་མཐོང་བཞིན་ཡོད་པ་གསལ་པོ་རེད།
སྐད་ཆ་ཁ་གསལ་དུ་བཏང་ན་བོད་པའི་བླ་མས་མཛད་པ་དང་སངས་རྒྱས་ཆོས་ལུགས་ཀྱི་བཟང་སྤྱོད་གཉིས་རྦད་དེ་གོ་བ་ཁ་ཁ་ཡིན་པས་བོད་པའི་བླ་མས་ཉེས་སོང་བ་རྣམས་སངས་རྒྱས་ཆོས་ལུགས་ཀྱིས་ཉེས་སོང་བ་ཞིག་གཏན་ནས་ཆགས་མེད་པའི་ས་མཚམས་གསལ་པོ་དབྱེ་དགོས།
དཀོན་མཆོག་གི་བཀའ་ལུང་ལ་བརྩི་ཆེ་བའི་ཁ་ཆེ་བ་ཚོས་བུ་མོའི་བྱ་ལེ་བྲེག་ཅིང་ཕོ་རླིག་གི་ཕྱི་ཤུབས་བཀོག་པ་དེ་དགེ་མཚན་མེད་རབས་བཤད་ན་བཤད་མཁན་ལ་སྲོག་ཉེས་ཡོད་པ་ཇི་བཞིན་བོད་པའི་བླ་མས་སངས་རྒྱས་ཆོས་དང་མ་མཐུན་པའི་སྦྱོར་བ་བརྩམས་རབས་གླེང་ན་གླེང་མཁན་ལ་སྲོག་ཉེས་མེད་པ་མིན།
སངས་རྒྱས་ཆོས་ལ་ཤ་ཚ་མཁན་ཞིག་ཡིན་ན་སྲོག་ཉེས་ལ་མི་ལྟ་བར་སངས་རྒྱས་ཆོས་ཀྱི་དགེ་མཚན་དང་བོད་པའི་བླ་མས་ནོར་བ་ཟེར་བའི་དབྱེ་ཞིབ་ཤེས་པའི་ཐོག་ནས་ནོར་བ་མཛུབ་བཙུགས་དང་དགེ་མཚན་ངོ་སྤྲོད་བྱ་རྒྱུ་དེ་སངས་རྒྱས་ཀྱི་རྗེས་འཇུག་ངོ་མ་དག་གིས་སེམས་ཁུར་ལེན་རྒྱུ་ནི་ལས་འགན་རང་རེད།
དེ་ལྟར་དྲང་ལྡོག་གཉིས་ཀ་ནས་དབྱེ་ཞིབ་མ་ཐུབ་པར་བོད་པའི་བླ་མས་ཉེས་སོང་ཚད་སངས་རྒྱས་ཆོས་ཀྱིས་ཉེས་སོང་བ་བཤད་ན་སངས་རྒྱས་ཆོས་ལུགས་འདི་མི་ཡུལ་ནས་ཡུན་མི་རིང་པར་ཕྱིར་བསྡུ་བྱ་བ་ལ་རོགས་འདེགས་བྱས་པ་དང་ཨ་ན་མ་ན་རེད།