ཆབ་མདོ་ནས་བཞུད་པའི་གངས་ཕྲུག་ཅིག་གི་རྗེས་དྲན།
བྱམས་པ་སྐལ་ལྡན། (༡༩༢༢ – ༢༠༡༢)ཡི་ཤུའི་འཁྲུངས་སྐར་ཉིན་བསམ་ཡུལ་ལས་འདས་པ་ཞིག་ལ། པ་ལགས་དགོངས་པ་རྫོགས་པས་གུས་མོའི་ལུས་ཀྱི་ཟུངས་ཤུགས་ཡོངས་རྫོགས་ཟད་དེ། དྲོད་ཚད་འཇལ་བྱེད་ཀྱི་རྔུལ་ཆུའི་ཆག་ཚད་ཚམ་ཚོམ་གྱི་ཆར་ཆུ་དང་འདྲེས་ནས་ལུས་པོ་སྔར་ལས་ལྷག་པའི་མི་བདེ་བ་ཞིག་གིས་མནན། ཨ་མ་ལགས་ནི་གུ་དོག་པའི་ཉམས་དང་ལྷོད་གཡེང་ཞིག་གི་ངང་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ཀྱི་གནམ་གཤིས་སྔོན་བརྡར་ཐུགས་ཁྲལ་གནང་བཞིན་འདུག
དོན་དངོས་ཐོག་ཞོགས་པ་དེར་ཀ་ལེ་མེན་གྲོང་དུ་ཞུགས་འབུལ་གྱི་ཉི་མ་བཟང་པོ་ཞིག་གིས་བསུས་སོང་བས་ཁོང་གི་ཐུགས་ཁྲལ་དགོས་མེད་དུ་གྱུར། ཕུང་པོ་སྲེག་བྱེད་ཀྱི་ཤིང་ཆ་རྣམས་རློན་ཙམ་ཡིན་ན་ཡང་མེ་ཤུགས་ཧ་ཅང་འབར་ཆེ་བས་ཧ་ལམ་ཞག་ཞེ་དགུའི་སྔོན་ལ་པ་ལགས་ཀྱི་རྣམ་ཤེས་བར་དོ་ནས་འདྲེན་རྒྱུའི་གྲོས་བྱེད་པ་དང་མཚུངས། འབར་ཤུགས་ཆེ་བའི་མེ་ལྕེ་དང་དུ་བ་གཉིས་བར་སྣང་གི་ངོས་སུ་གཅིག་ལ་གཅིག་འཁྱུད་ཀྱི་གར་འཁྲབ་པ་ལྟར་བྱེད། དེ་མུར་གུས་མོ་ཡང་དགུང་ཨ་སྔོན་གྱི་དབྱིངས་སུ་པ་ལགས་ཀྱི་ཀྱག་ཀྱོག་ཆེ་བའི་སྐུ་ཚེའི་བཞུར་རྒྱུན་རིང་མོ་དག་རེ་རེ་བཞིན་གཅིག་ཏུ་བསྡུས་པའི་བརྙན་པར་གྱི་ཕུང་པོ་ཆེན་པོ་ཞིག་ཏུ་གསལ་འདུག་པ་དེ་དང་ལྷན་དུ་འཐིམས།
དལ་བུར་གསོན་བཞིན་པའི་འདྲ་རིས་ཐོག་མ་ནི། ༡༩༣༡ ལོར་ལོ་དགུ་ལོན་པའི་བྱིས་པ་རྒན་ཉམས་ཅན་ཞིག་གིས་ཚ་བ་མཛོ་སྒང་གིས་གྲོང་ཚོ་དབུ་དཀར་ཞེས་པ་ནས་ལྷ་སར་གནས་མཇལ་དུ་ཟླ་གསུམ་རིང་རྐང་ཐང་ཐོག་འགྲོ་བཞིན་པ་དེ་རེད། དེ་ནི་ཁོང་ནམ་ཡང་རང་ཁྱིམ་དང་ནང་མི་རྣམས་ལས་ཁ་བྲལ་དུ་འཇུག་བྱེད་ཀྱི་འགྲུལ་བཞུད་ཅིག་རེད། ལྷ་སར་འབྱོར་མཚམས་ནང་མིའི་སྤུན་ཉེ་ཡིན་པའི་སེ་རའི་གྲྭ་ཡོན་ཏན་ཅན་ཚ་བ་བྱམས་པ་དར་རྒྱས་མཇལ་ཞུར་བཅར། བཙུན་པ་ཁོང་གིས་བུ་ཆུང་དེའི་རྒྱུད་ལ་དམིགས་བསལ་གྱི་བག་ཆགས་ཤིག་ཡོད་པར་གཟིགས་ཏེ་ཕ་མ་གཉིས་ལ་ཁོ་པ་སེ་རའི་ཚ་བ་ཁང་ཚན་ནང་སྒྲིག་ཞུགས་བྱ་རྒྱུར་གདམས། དེ་ལྟར་བུ་ཆུང་དེ་རྒན་ཁོང་གི་ཞབས་དྲུང་དུ་བླངས་པ་ནས་བཟུང་ཁོ་པའི་མི་ཚེའི་ཁ་ཕྱོགས་ཡོངས་སུ་འགྱུར་རྒྱུའི་དམ་གཙང་གི་ལས་འབྲེལ་ཞིག་ཆགས་སོང་།
དེ་ནས་འདྲ་རིས་གཞན་ཞིག་གསལ་བའི་ཐོག་རྒྱ་ཁྱོན་ཡངས་པའི་སེ་རའི་ཚོགས་ཆེན་འདུ་ཁང་མངོན་ཡོང་། བུ་དེ་ལོ་བརྒྱད་ཙམ་རིང་སེ་རར་སྡོད་སྐབས་ཁོ་པས་རྒྱུན་གཏན་གྱི་གྲྭ་པའི་འོས་འགན་ཐོག་དགེ་རྒན་གྱི་ཕྱག་རོགས་དང་ཞབས་ཕྱི་སྦྲགས་མའི་འགན་ཁུར་རིམ་པ་བཞིན་ཁུར། ༡༩༣༠ ལོའི་སྨད་མཚམས་སུ་བུ་དེའི་མི་ཚེ་ལ་བག་ཆགས་ཟབ་པའི་འགྱུར་བ་ཞིག་ཕྱིན། དེ་ཡང་ཁོ་པའི་དགེ་རྒན་ཏེ་ཚ་བ་བྱམས་པ་དར་རྒྱས་ལགས་ནི་དཔེ་ཆ་ལ་ཧ་ཅང་མཁས་པའི་སྙན་གྲགས་ཇེ་ཆེར་རྒྱས་བཞིན་པ་མ་ཟད། ཁོང་གིས་མཐའ་གཅིག་ཏུ་སྒྲུབ་པ་ཉམས་ལེན་དང་ཚུལ་ཁྲིམས་བཟང་པོ་བསྲུང་བ་ལ་བརྟེན་ནས་མི་མང་པོ་ཞིག་གིས་ཁོང་ནི་རྗེ་བཙུན་མི་ལ་ལྟ་བུར་འཛིན་གྱི་ཡོད། དེ་བཞིན་སེ་རའི་འཛིན་སྐྱོང་ནས་ཀྱང་ཁོང་ལ་མཐོ་རིམ་གྱི་བསླབ་པ་མཐར་ཕྱིན་མཛད་ནས་ཕྱིས་སུ་དགེ་ལུགས་ཀྱི་བསླབ་གནས་མཐོ་ཤོས་དགའ་ལྡན་ཁྲི་པའི་བཞུགས་ཁྲིར་བཞུགས་ཐུབ་པ་གནང་རྒྱུའི་སྐུལ་མའང་ཞུ་བཞིན་ཡོད། འོན་ཀྱང་བྱམས་པ་དར་རྒྱས་མཆོག་ནི་དེ་ལྟ་བུའི་མཚན་མཐོང་དང་གོ་གནས་གང་ལའང་མཉེས་པོ་མེད་པས་དེར་ཐུགས་འདོད་གནང་གི་མེད། མཐར་ཁོང་གིས་ཨུ་ཚུགས་ཀྱིས་སེ་རའི་འཛིན་སྐྱོང་ལ་ཁོ་པ་ཆབ་མདོ་ཁུལ་དུ་མཚན་ཉིད་སློབ་གྲྭ་ཞིག་འཛུགས་པར་གཏོང་རྒྱུའི་རེ་སྐུལ་ཞུས་པ་བཞིན་དགོངས་འཁྲོལ་བྱུང་ཏེ། ལྷ་རམས་པའི་དགེ་བཤེས་ཀྱི་མཚན་ཐོ་ལས་ཕྱིར་འཐེན་གནང་ཞིང་དེ་ལས་ཅུང་དམའ་བའི་དགེ་བཤེས་ཀྱི་ཕྱག་འཁྱེར་བཞེས་ཏེ་༡༩༣༩ ལོར་ཆབ་མདོར་ཕེབས་ཐུབ་པ་བྱུང་།
དེ་ནས་ཡང་གཟུགས་བརྙན་གྱི་ཡོལ་བ་གཞན་ཞིག་མངོན་བྱུང་། བུ་དེས་རྐང་ཐང་ཐོག་རྟར་ཆིབས་པའི་དགེ་རྒན་ཐག་རིང་བའི་ཆབ་མདོར་གདན་འདྲེན་ཞུ་བཞིན་འདུག གང་འཚམ་ཞིག་ནས་རྒྱང་རིང་པོར་འགྲུལ་བཞུད་གནང་བཞིན་པའི་གྲྭ་པའི་ཚོགས་པ་ཞིག་གཟིགས། ཉེ་སར་སླེབས་པ་ན་ཁོང་རྣམས་ནི་དགུང་ལོ་བཞིར་སོན་པའི་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ལྷ་སར་གདན་འདྲེན་ཞུ་མཁན་ཡིན་འདུག ཆབ་མདོར་བསྡད་པའི་རིང་ཁོང་རང་ངོས་ཀྱིས་ངོས་འཛིན་ཡོད་པ་ཞིག་ཏུ་འགྱུར་ཞིང་ཚང་མས་ཁོང་ལ་དགེ་བཤེས་བྱམས་པ་དར་རྒྱས་ཀྱི་ཞབས་ཕྱི་གཙོ་བོ་ཆབ་མདོ་བྱམས་པ་སྐལ་ལྡན་ཞེས་འབོད་ཀྱི་ཡོད། དེའི་རྗེས་ཀྱི་ལོ་ངོ་དགུའི་རིང་ཁོང་གིས་ནུས་ཤུགས་ཡོད་ཚད་ཀྱིས་རང་གི་དགེ་རྒན་ལ་ཞབས་ཕྱི་ཞུས། ཁོང་གིས་དེ་ལྟར་ཞོགས་པ་ཡོན་ཆབ་འབུལ་རྒྱུ་དང་བྱི་དོར་བྱེད་རྒྱུ། གསོལ་ཚིགས་གྲ་སྒྲིག་གནང་རྒྱུ་དང་ཆུ་དབོར་འདྲེན་གནང་རྒྱུ། དེ་བཞིན་མཇལ་ཞུ་བ་རྣམས་ལ་སྣེ་ལེན་ཞུ་རྒྱུ་དང་དགེ་རྒན་གྱི་དགོས་མཁོ་ཡོད་ཚད་བསྒྲུབས་པ་མ་ཟད་རང་གི་ལས་འགན་ཐོག་འབྲི་ཀློག་དང་ཨང་རྩིས་སོགས་སྦྱངས་ཐུབ་པ་བྱུང་།
སྐབས་དེར་དགེ་བཤེས་ལགས་ཀྱི་སྙན་གྲགས་རྒྱས་བཞིན་པར་བརྟེན། ཆབ་མདོ་གཙོས་རྒྱང་རིང་གང་ས་ནས་མཇལ་ཞུར་བཅར་མཁན་མང་པོ་ཡོད་སྟབས། རྒྱུན་ལྡན་གྱི་བྱ་བ་གལ་ཆེན་ཞིག་ནི་ཞལ་འདེབས་རྣམས་ཐོ་འགོད་བྱ་རྒྱུ་དེ་རེད། སྤྱིར་ཞལ་འདེབས་རྣམས་བཟའ་བཅའ་དང་དངོས་ཟོག་གཉིས་སུ་ཕྱེ་ཡི་ཡོད། དགེ་བཤེས་ལགས་ནས་རྒྱུན་དུ་དངུལ་དང་རིན་པོ་ཆེའི་རིགས་ཕྱག་ཏུ་བཞེས་ཀྱི་མེད། དེའི་དགོས་དམིགས་ཀྱང་བཙུན་པ་ཞིག་གིས་དེ་ལྟར་གནང་ན་ཆོས་ཕྱོགས་ཀྱི་ཚུལ་ཁྲིམས་དང་འགལ་བར་གཟིགས་ཀྱི་ཡོད་པས་རེད། དེར་བརྟེན་དངུལ་དང་དངོས་པོ་རྩ་ཆེའི་རིགས་དགོང་མོ་དེ་ཉིིད་དུ་ཆབ་མདོ་དགོན་པའི་མཛོད་ཁང་ལ་རྩིས་སྤྲོད་གནང་གི་ཡོད། བཟའ་བཅའ་ཆུང་ངུའི་རིགས་རྒྱུན་སྤྱོད་དུ་བཞེས་ཀྱི་ཡོད་པ་ཕལ་ཆེ་བ་རྩམ་པ་དང་མར་ཡིན། གཞན་རྣམས་དགོས་མཁོ་ཅན་གྱི་གྲྭ་པ་ཚོར་སྦྱིན་པ་གཏོང་གནང་གི་ཡོད། སྐབས་རེར་དངོས་ཟོག་རེ་འགའ་དུས་ཐོག་ཏུ་བསྐྱལ་མ་ཐུབ་ཚེ་དཀོན་མཆོག་ལ་མཚན་གཅིག་ཉར་རྒྱུའི་དགོངས་ཁྲོལ་ཞུ་ཡི་ཡོད། དགེ་བཤེས་ལགས་ཀྱིས་རྒྱས་སྤྲོས་སྤུ་ཙམ་མེད་པའི་འཚོ་བ་ཞིག་བསྐྱལ་གནང་ཡོད། རྟག་ཏུ་གཟན་ལྷན་པ་ཅན་ཞིག་མནབ་ཅིང་རྒྱུ་ནོར་དང་མཚན་གནས་སོགས་ལ་མོས་པ་རྩ་བ་ནས་གནང་གི་མེད། མཐར་ ༡༩༤༨ དགུང་ལོ་ལྔ་བཅུ་ང་བརྒྱད་ལ་ཕེབས་པའི་ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས། ཡང་སྲིད་རྩད་གཅོད་གནང་རྒྱུའི་ཐུགས་འདུན་ལ་ཞལ་བཞེས་གནང་མེད་པས་དགེ་ལུགས་པར་མཚོན་ན་རྩ་ཆེན་གྱི་ནོར་བུ་ཞིག་ཀྱང་མེད་པར་གྱུར་པ་རེད།
དགེ་བཤེས་ལགས་དགོངས་པ་མ་རྫོགས་གོང་མང་ཚོགས་ལ་བསྩལ་བའི་བཀའ་སློབ་ཞིག་གི་ནང་མུན་པས་སྒྲིབ་ལ་ཉེ་བའི་མ་འོངས་སྔོན་གཟིགས་བྱུང་ཡོད། ཁོང་གིས། སངས་རྒྱས་ཀྱི་བཀའི་ནང་ནང་པ་སངས་རྒྱས་པའི་ཆོས་ནི་སེང་གེ་ཞིག་དང་འདྲ་སྟེ། སུས་ཀྱང་སེང་གེ་ལ་རྒོལ་འཛིང་བྱས་ཏེ་བཟའ་མི་ཐུབ། སེང་གེ་ནི་རང་ངོས་ནས་རྒས་པ་དང་ན་བ་སོགས་མཐའ་མའི་འཇིག་པས་འཇོམས་པ་ཡིན། དེ་བཞིན་རྒྱ་མི་སླེབས་ངེས་ཀྱང་ཁོང་ཚོས་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་མེད་པ་བཟོ་མི་ཐུབ། མེད་པར་བྱེད་མཁན་དེ་བོད་མི་རང་ཉིད་རེད། ཅེས་གསུངས་ཡོད།
༡༩༥༩ བར་གྱི་མི་ལོ་བཅུ་ཕྲག་ཕྱི་མ་དེ་ནི་ཟུངས་ཁྲག་གི་འཐོར་བཤིག་དང་མྱ་ངན། དཔའ་མཛངས་སོགས་ཀྱིས་ཡོངས་སུ་དཀྲིགས། ༡༩༥༩ ལོར་ཆབ་མདོར་དམག་ལངས་གྲབས་ཡོད་པའི་མཚམས་དེར་བོད་གཞུང་ནས་ཆབ་མདོའི་སྤྱི་ཁྱབ་ལྷ་ཀླུ་ཚེ་དབང་རྡོ་རྗེའི་ཚབ་ཏུ་ང་ཕོད་ངག་དབང་འཇིགས་མེད་བསྐོ་གཞག་གནང་བ་རེད། ལྷ་ཀླུ་ནི་དགེ་བཤེས་བྱམས་པ་དར་རྒྱས་མཆོག་གི་སློབ་མ་ཡིན་པས་པ་ལགས་ཀྱི་གྲོགས་པོ་ཡིན། ཁོང་གིས་ལྷ་ཀླུ་མཆོག་ཆབ་མདོ་ལས་ཉིན་གྲངས་བཅུ་གཉིས་ཀྱིས་རྒྱང་ཐག་ཏུ་ཡོད་པའི་ལྷོ་རྫོང་ལ་སྐྱེལ་མ་ཞུས། བོད་མི་རྣམས་ཀྱིས་གསེར་ཐོ་ཐང་གི་གོ་མཛོད་ཡོངས་རྫོགས་མེར་བསྲེགས་མ་བཏང་གོང་མེ་མདའ་དང་མདེའུ་གང་ཐུབ་འཁྱེར་ཕྱིན། པ་ལགས་ཀྱིས་ཀྱང་འགའ་ཤས་འཁྱེར་ཐུབ་པ་བྱུང་ནས་ཕྱིས་སུ་དེ་དག་སྡེ་དགེའི་ཕར་རྒོལ་བྱེད་མཁན་གྱི་བོད་མི་ཚོར་སྤྲད། ༡༩༥༠ ལོར་རྒྱ་དམག་རྣམས་ང་ཕོད་ཀྱིས་དོར་བའི་ཆབ་མདོ་གྲོང་ཁྱེར་དུ་འབྱོར།
རྒྱ་དམར་གྱིས་ཆབ་མདོར་བཙན་འཛུལ་བྱས་རྗེས་ཀྱི་དུས་ཚོད་དེའི་ནང་མི་དམངས་རྣམས་ལ་རྒྱ་ནག་གི་དམིགས་ཡུལ་ནི་ཞི་བ་དང་བོད་མིའི་རྒྱུན་ལྡན་གྱི་འཚོ་བ་རྒྱུན་སྐྱོང་བྱེད་རྒྱུ་ཡིན་པའི་ཡིད་ཆེས་སྤེལ་ཐབས་བྱས་ཏེ་མི་དམངས་ཀྱི་མཉམ་སྦྲེལ་ཚོང་ཁང་ཆེན་མོ་དང་ལམ་བཟོ་སོགས་སྤྱི་ཚོགས་བདེ་དོན་གྱི་ལས་འགུལ་སྣ་ཚོགས་སྤེལ་བ་རེད། ༡༩༥༡ ནས་༡༩༥༢ ལོར་པ་ལགས་ཀྱིས་མི་དམངས་ཀྱི་མཉམ་སྦྲེལ་ཚོང་ཁང་དེར་ཆབ་མདོ་དགོན་པའི་སྐུ་ཚབ་གནང་བ་དང་། དེ་བཞིན་ང་ཕོད་ཀྱིས་དབུ་ཁྲིད་པའི་ལམ་བཟོའི་ལས་འགུལ་ནང་དུ་ཡང་དགོན་པའི་སྐུ་ཚབ་གནང་བ་རེད། དུས་སྐབས་དེའི་རིང་ཁོང་གིས་རྒྱ་སྐད་བརྗོད་ཐུབ་པ་དང་རིང་མིན་འཇོན་ཐང་ཅན་གྱི་འགོ་ཁྲིད་ཞིག་ཡིན་པའི་མཚན་བཟང་ཡང་ཐོབ།
རང་གི་དགེ་བའི་བཤེས་གཉེན་སྐུ་འདས་པའི་སེམས་སྡུག་དང་རྒྱ་དམར་གྱི་ཇེ་སྡུག་ཏུ་འགྲོ་བཞིན་པའི་བྱ་སྤྱོད་ལ་ཞེ་ཁྲེལ་ཏེ་༡༩༥༢ ལོར་ཁོང་ལྷ་སར་ཕེབས། དེའི་རྗེས་ཀྱི་ལོ་གསུམ་རིང་ཁོང་གིས་སླར་ཡང་ཚོང་བསྐྱོན་ཏེ་ངོ་བོ་གསར་པ་ཞིག་སླར་གསོ་གནང་ནས་རྒྱ་གར་ལ་ཐེངས་མང་ཕེབས་མྱོང་ཡོད། དུས་སྐབས་དེར་ད་གཟོད་རྒྱ་མིའི་དམིགས་ཡུལ་ངོ་མ་གསལ་ཐོན་ཆགས་ཡོད། དེར་བརྟེན་བཙན་འཛུལ་ཆ་ཚང་བ་ཞིག་ཡོང་ཕྱིར་ཐོག་མའི་ཆ་རྐྱེན་ནི་ལམ་བཟོ་བྱེད་རྒྱུ་དེ་ཡིན་པས་༡༩༥༥ མཚམས་སུ་སི་ཁྲོན་ནས་ལྷ་སའི་བར་གྱི་ལམ་བཟོ་ཡོངས་སུ་བསྒྲུབས་ཟིན། བོད་མི་ཚོར་བཅོས་བསྒྱུར་གྱི་ལས་བསྐུལ་འདྲ་མིན་བྱེད་བཅུག་པ་སོགས་ཀྱིས་རྒྱ་མིར་འཁོན་འཛིན་ཇེ་ཆེར་སོང་སྟེ་༡༩༥༤ ལོར་སྡེ་དགེ་ནས་ཐོག་མ་འགོ་ཚུགས་ཏེ་བོད་ཤར་ཕྱོགས་ཕལ་མོ་ཆེར་དྲག་པོའི་ངོ་རྒོལ་གྱིས་ཁྱབ་ཡོད། ལྷ་ལྡན་གྲོང་ཁྱེར་དུ་ཉིན་རེ་བཞིན་བྲོས་བྱོལ་དུ་ཡོང་བའི་བོད་མི་འཐབ་རྒོལ་བས་ཁེངས་བཞིན་ཡོད་པས་སྐབས་དེར་ཁམས་པ་དང་ཨ་མདོའི་ཚོང་པ་ཚོས་ཞལ་འདེབས་བསྡུ་རུབ་ཀྱིས་༡༩༥༦ ལོའི་ཕྱི་ཟླ་བཞི་པའི་དུས་འཁོར་དབང་ཆེན་དང་སྟབས་བསྟུན་གྱིས་༧གོང་ས་མཆོག་ལ་གསེར་གྱི་ཁྲི་ཞིག་འབུལ་རྒྱུ་བྱས། ལས་དོན་འདི་ལ་ཁ་གཡར་ཏེ་ངོ་རྒོལ་འགོ་ཁྲིད་ཚོས་གསང་བའི་ཐོག་ཆུ་བཞི་སྒང་དྲུག་འཛུགས་རྒྱུའི་གྲོས་བྱས་པ་རེད། ཚོགས་པ་འདིས་ཕྱིས་སུ་བོད་ཡོངས་ལ་རྒྱ་དམར་གྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་འཇབ་དམག་ཞིག་ཏུ་འགྱུར་རྒྱུ་རེད། སྐབས་དེར་པ་ལགས་ཀྱང་སྒྲིག་འཛུགས་དེ་ཐོག་མར་བཙུགས་པའི་དུས་སྐབས་ཀྱི་ཆབ་མདོའི་སྐུ་ཚབ་ཀྱི་འགོ་ཁྲིད་ཞིག་ཡིན།
༡༩༥༦ ལོར་པ་ལགས་ཁོང་ལོག་ཕེབས་སྐབས་ཆབ་མདོ་ནི་སྔར་དང་འདྲ་ས་མེད་པའི་གྲོང་ཚོ་གཞན་ཞིག་ཏུ་གྱུར་ཡོད་ཅིང་། རྒྱ་དམག་གི་མཛའ་མཐུན་སྲིད་ཇུས་དང་བྱ་ཐབས་ཀྱི་རྣམ་པ་མངོན་རྒྱུ་མེད་པར་ཕྱོགས་ཡོངས་སུ་འཇིགས་སྣང་དང་དངངས་སྐྲག་གིས་ཁེངས་ཡོད་པ་རེད། དུས་ཡུན་རིང་པོ་མ་སོང་བར་རྒྱའི་འཛིན་སྐྱོང་གིས་ཁོང་བསྐོངས་ཏེ་བདུན་ཕྲག་གཅིག་རྗེས་ཁོང་ཁྲིན་ཏུའུ་རུ་འཁྲིད་རྒྱུ་ཡིན་པའི་བརྡ་བཏང་ཡོད། ཁོང་ཚོས་པ་ལགས་ལྷ་སར་ཆུ་བཞི་སྒང་དྲུག་གི་ལས་འགུལ་ནང་ཞུགས་པ་དང་རྒྱ་གར་ལ་ཚོང་འདྲེན་འགྲུལ་བསྐྱོད། ལྷག་པར་ཉེན་ཁ་ཆེ་ཤོས་ནི་ཁོང་གིས་དེ་སྔོན་མེ་མདའ་སྤུངས་གསོག་བྱས་ཏེ་སྡེ་དགེའི་ངོ་རྒོལ་བྱེད་མིར་སྤྲད་པ་དེ་རེད། ཁྲིན་ཏུའུ་རུ་ཁྲིད་ཚེ་ཁོང་འཛིན་བཟུང་བྱ་རྒྱུ་ཡིན་པར་ངེས་པས། དེ་མུར་རང་གིས་ཚ་བོ་གཉིས་ཁྲིད་དེ་༡༩༥༨ ཀྱི་སྤྱི་ཟླ་བཅུ་པའི་ནང་བྲོས་བྱོལ་དུ་ཕེབས་ཤིང། ལྷ་སར་བཞུད་པའི་ལམ་བར་ནི་ཉེན་ཁ་ཅན་ཞིག་ཡིན། རྒྱ་དམག་ཚོས་ཕྱོགས་བཞི་གང་སར་ངོ་རྒོལ་བྱེད་མཁན་གྱི་འཇབ་དམག་རྣམས་འཚོལ་བཞིན་ཡོད། ལྷ་རི་འགོའི་ཉེ་འགྲམ་ནས་རྒྱ་དམག་དང་གདོང་ཐུག་བརྒྱབ་སྟེ་མེ་མདའི་འོག་ཁོང་རྣམས་དང་ལྷན་དུ་ཡོད་པའི་ཟི་ལིང་ཁ་ཆེ་ཚོང་པ་གཉིས་ཤི་བ་དང་གཞན་གཉིས་འཛིན་བཟུང་བྱས་པ་རེད།
སྟབས་ལེགས་པ་ཞིག་ལ་པ་ལགས་དང་ཚ་བོ་གཉིས་རྨས་སྐྱོན་མེད་པར་ལྷ་སར་འབྱོར་ཐུབ་པ་བྱུང་། ཁོང་རྣམས་ལྷ་སར་སྨོན་ལམ་ཚོགས་པ་དང་༧རྒྱལ་དབང་རིན་པོ་ཆེས་དགེ་བཤེས་ཀྱི་རྒྱུགས་ཕུལ་བཞིན་པ་དང་ཁ་ཐུག་འཁེལ་བ་རེད། པ་ལགས་ལ་མཚོན་ན་དུས་སྐབས་དེའི་ལྷ་ས་ནི་བཙན་འཛུལ་བྱེད་ལ་ཁད་པའི་ཆབ་མདོ་དང་འདྲ་བར་སྨོན་ལམ་གྱི་མཛད་སྒོ་འགྲོ་བཞིན་པ་དང་༧གོང་ས་མཆོག་ལ་དགེ་བཤེས་ཀྱི་མཚན་གནས་གསོལ་གྲབས་ཡོད་ཀྱང་གྲོང་ཁྱེར་ནི་དགའ་སྟོན་གྱི་རྣམ་པ་བཅོས་མ་ཞིག་གིས་དཀྲིགས་ཡོད། མཚོ་གཏིང་གི་དྲག་གཟར་ཞིག་འཁྱག་ལྤགས་སྲབ་མོ་ཞིག་གིས་བཀབ་པ་ཇི་བཞིན་གྲོང་ཁྱེར་ཡོངས་སུ་ཉེན་བརྡས་ཁ་བལྟས་བསྡད་ཡོད། རྒྱ་དམག་ཚོས་དམག་དཔུང་འཕར་མ་འབོར་བཞིན་གྲོང་ཁྱེར་གྱི་མཐར་འཛིང་རག་དང་རྭ་སྐོར་སློང་གིན་ཡོད། གྲོང་ཁྱེར་གྱི་ཁང་བརྩེགས་མཐོན་པོ་དུ་མའི་ཐོག་ཁར་དམར་དམག་མུ་འབྲེལ་ནས་ཡོད། གསུམ་པའི་ཚེ་བཅུ་ཟིན་པར་བདུན་ཕྲག་ཁ་ཤས་ལས་མེད་པས་རྐྱེན་ཆུང་ཚགས་ཤིག་བྱུང་ན་ཟིང་ལངས་གཏན་ཁེལ་བས། ཏག་ཏག་དེའི་ཚུལ་དུ་རྒྱ་དམག་གིས་༧གོང་ས་མཆོག་བཙན་འཁྲིད་བྱེད་རྒྱུ་ཡིན་པའི་གཏམ་ངན་ཞིག་གིས་ཁྱབ།
པ་ལགས་ནི་རྙོག་ཟིང་ཆེ་བའི་དུས་སྐབས་དེའི་དཔང་པོ་ཙམ་མིན་པར་ལོ་རྒྱུས་དེའི་ནང་ཚ་ཚ་འུར་འུར་གྱིས་འཛུལ་ཞུགས་བྱེད་མི་ཞིག་ཡིན། རྒྱ་དམག་གིས་ཡོངས་སུ་བསྣུན་པའི་བོད་གཞུང་གིས་ཕྱོགས་ཡོངས་ཀྱི་སྐུ་ཚབ་ནོར་གླིང་དུ་གདན་འདྲེན་ཞུས་ནས་གྲོས་བསྡུར་བྱས་པའི་ནང་པ་ལགས་ཆབ་མདོའི་སྐུ་ཚབ་ཏུ་ཕེབས། གྲོས་མོལ་གཞིར་བཟུང་གཞུང་ཞབས་དང་ཆོལ་ཁ་གསུམ། གདན་ས་གསུམ་། གྲྭ་བཞི་དང་རྒྱལ་རྩེ་སྐུ་སྲུང་དམག་བཅས་གསུམ་གྱིི་དམག་སྡེ་སོགས་སོ་སོའི་སྐུ་ཚབ་ཡོད་པའི་དབུས་ཚོགས་ཆུང་ཞིག་བཙུགས་ཏེ་ལྷ་སའི་ཟིང་ཆ་ཞི་འཇམ་གཏོང་རྒྱུའི་ཞི་བའི་ཐབས་ཇུས་ཤིག་འཚོལ་རྒྱུ་བྱས་པ་རེད། ཚ་རོང་གིས་དབུ་ཁྲིད་པའི་ཚོགས་ཆུང་དེས་རྒྱུན་པར་ལྷ་སའི་དཔར་ཁང་དུ་ཚོགས་འདུ་སྐོང་ཚོགས་བྱེད་ཀྱི་ཡོད། དེར་སྐབས་འགར་༧གོང་ས་མཆོག་དང་། དེ་བཞིན་ཟུར་ཁང་དང་ལྷ་ཀླུ་གཉིས་ཀྱང་ཕེབས་ཀྱི་ཡོད། པ་ལགས་ཀྱང་སྐབས་དེར་ཁམས་པའི་སྐུ་ཚབ་གཅིག་ཡིན། ཚོགས་ཆུང་དེས་གནས་ཚུལ་བཀོད་ཁྱབ་བྱེད་པ་དང་བུད་མེད་ལྷན་ཚོགས་ལྟ་བུའི་རྒྱལ་སྐྱོབ་ཚོགས་པ་རྣམས་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཅིང་ཕྱི་རྒྱལ་སྐུ་ཚབ་དང་དོན་གཅོད་རྣམས་ལ་འབྲེལ་ཐུག་བྱེད་ཀྱི་ཡོད།
མཚན་ཕྱེད་ཡོལ་མཚམས་སུ་རྒྱ་དམག་གིས་ནོར་གླིང་གི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཟུར་ངོས་ལ་མེ་སྒྱོགས་འཕེན་འགོ་ཚུགས། ༧གོང་ས་མཆོག་གི་བཞུགས་གནས་དང་བོད་དམག་ཆིག་སྟོང་ཙམ་ཕོ་བྲང་གི་ལྷོ་ངོས་དེར་ཆགས་ཡོད། སྐབས་དེར་༧གོང་ས་མཆོག་ལྷ་ས་ནས་ཕེབས་ཐོན་གྲུབ་ཟིན། པ་ལགས་དང་ཆབ་མདོའི་མི་འགའ་ཤས་ཀྱིས་ནོར་གླིང་བཞག་སྟེ་ལྕགས་པོ་རིའི་གཤམ་དུ་རྒྱ་དམག་བསྒུགས་ནས་བསྡད། འོན་ཀྱང་ཁོང་ཚོར་དམག་གི་ལག་ཆ་ཉུང་ཤས་ལས་མེད་པ་མཁྱེན་ཏེ་ལམ་སེང་མི་འགའ་ཤས་ཁྲིད་ནས་ནོར་གླིང་གི་མཛོད་ཁང་ནས་མེ་སྒྱོགས་གཉིས་དང་མདེའུ་སྒམ་ཁ་ཤས་ཁྱེར། མ་གཞི་ཁོང་གིས་དེ་སྔོན་མེ་མདའ་རྒྱག་མྱོང་མེད་ཀྱང་སྐབས་དེར་འཛེམས་མེད་ཐོག་མེ་མདའ་རྒྱག་འགོ་ཚུགས་པ་རེད། རྒྱ་དམར་ཚོས་ལྕགས་པོ་རི་དང་ལྷ་ས་སྨན་རྩིས་ཁང་ལ་མེ་སྒྱོགས་འཕེན་ཐེངས་རེར་གནམ་ས་ལོག་པ་ལྟ་བུར་གྱུར། མཚན་གཉིས་ཙམ་རིང་རྒྱུན་ཆད་མེད་པར་མེ་མདའ་བརྒྱབ་མཐར། གསོན་པོར་གནས་པའི་པ་ལགས་ཀྱི་དམག་རོགས་དང་རྒྱ་དམག་ཀྱི་གྲངས་འབོར་བསྡུར་ཐབས་བྲལ་བ་མ་ཟད་མེ་མདའ་ཉུང་དྲགས་སྟབས་བྲོས་རྒྱུ་ཁེལ། ཁོང་ཚོས་རྟ་ཞོན་ཏེ་གཙང་པོ་བརྒལ་ནས་བྲོས་ཐབས་བྱས་ཀྱང་མེ་སྒྱོགས་ཀྱིས་རྗེས་དེད་བྱས་ཏེ་ཆབ་མདོ་ཡབ་ཚང་སོགས་དམག་རོགས་ཕལ་མོ་ཆེ་དེ་མུར་བསད། པ་ལགས་གི་ཞབས་གཡས་པར་མེ་མདའ་ཐེངས་གསུམ་ཙམ་འཕོག ཁོང་རྣམས་འཇུ་བཟུང་བྱས་ཏེ་ནོར་གླིང་དུ་ཁྲིད།
དེའི་རྗེས་ཀྱི་ཟླ་བ་གསུམ་རིང་ཁོང་གིས་ནོར་གླིང་བཙོན་ཁང་དུ་ཚལ་ཞིང་འདེབས་རྒྱུའི་ཕྱག་ལས་གནང་། དེའི་དབར་ཁོང་ལ་རྡུང་རྡེག་གང་མང་བྱས་ཐོག་ནར་འགྱངས་གིས་ཚ་འདྲི་བྱས་ཏེ་ཁོང་ལ་གསར་བརྗེར་ངོ་ལོག་གི་བྱ་བའི་ནང་ཞུགས་པ་དང་དཔར་ཁང་གི་ཚོགས་མིའི་ནང་འཛུལ་ཞུགས་ཡོད་པ་དང་། ཁོང་བཅས་པའི་ཚོགས་མི་དེ་དག་༧རྒྱལ་དབང་རིན་པོ་ཆེ་བྲོས་བྱོལ་དུ་གཏོང་མཁན་གྱི་འཆར་འགོད་པ་ཡིན་ཚུལ་སོགས་ཀྱི་ཉེས་པ་ཁས་ལེན་བྱེད་བཅུག་ཀྱང་། པ་ལགས་ཀྱིས་མཐའ་གཅིག་ཏུ་ཞལ་བཞེས་མ་གནང་བར་གཞན་དང་ནོར་བའི་དགོངས་ཚུལ་བརྗོད་པ་རེད། སྐབས་དེར་རྒྱ་དམག་ཚོས་ཁོང་དངོས་སུ་ངོས་འཛིན་བྱེད་མ་ཐུབ་པ་དེ་ཡ་མཚན་རེད། གལ་ཏེ་དེ་ལྟར་བྱུང་ན་ཁོང་གི་སྲོག་ཤོར་རྒྱུ་ཉག་གཅིག་རེད། ཟླ་བ་གསུམ་གྱི་རྗེས་སུ་ཁོང་དང་བཙོན་རོགས་རྣམས་ལྷ་སའི་ཤར་ཕྱོགས་ཀྱི་བཙོན་ར་ཆེ་བ་ཞིག་གི་ནང་བཏང༌། དེར་ཁོང་ཚོ་སྣ་ཆེན་ཐང་གློག་ཁང་གསར་རྒྱག་གི་ངལ་རྩོལ་དུ་རྒྱུག་བཅུག དེའི་རྗེས་ཀྱི་ཟླ་བ་དགུའི་རིང་པ་ལགས་གིས་ས་རྡོ་སྔོག་འདོན་བྱས་ཏེེ་ཉེ་འགྲམ་གྱི་རིི་འདབས་ནས་ཆུ་རགས་ཀྱི་བར་དུ་བསྐྱལ་དགོས་པ་དང་ལས་མི་རེ་རེས་ཉིན་ལྟར་ས་ཐེངས་༢༠༠ རེ་ངེས་པར་དུ་དབོར་དགོས་པ་དང་དེ་ལྟར་མ་བྱུང་ཚེ་མི་དམངས་ལ་འཐབ་འཛིང་བྱེད་དུ་འཇུག་པའམ་ཡང་ན་ཉེས་པ་གཞན་འགེལ་གྱི་ཡོད། དེ་ལྟར་སྟོད་སྒལ་ཡོངས་རྫོགས་ན་ཟུག་གཏོང་བའི་ཤུགས་ལས་ཁོ་ན་བྱས་པར་བརྟེན་བཙོན་པ་མང་པོ་ཞིག་ཤི་བ་དང་ནད་པ་ཆགས་ཀྱི་ཡོད།
པ་ལགས་ལ་སྐབས་དེར་ཨོ་མེག་གའི་ལག་ཐོག་ཆུ་ཚོད་ནག་པོ་ཞིག་ཡོད། བཙོན་ཁང་དོ་དམ་པས་ཆུ་ཚོད་དེར་དགའ་བའི་རྣམ་འགྱུར་སྟོན་པས་པ་ལགས་ཀྱིས་དེ་ཁོར་ལག་རྟགས་ཀྱི་ཚུལ་དུ་སྤྲད་རྒྱུ་བྱས་པ་རེད། བྱེད་ཚུལ་དེས་ཕན་ཐོགས་ཆེན་པོ་བྱུང་བ་ ལྟར་ཉིན་ཞིག་འཛིན་སྐྱོང་ནས་བཙོན་པ་ལོ་བཞི་བཅུ་མན་རྣམས་བྱང་ཐང་གི་ཁུལ་དུ་ཚ་ལའི་གཏེར་གཏོན་གྱི་ལས་ཀ་བྱེད་རྒྱུར་རང་མོས་ནས་ཐོ་འགོད་བྱ་རྒྱུར་སྐུལ་མ་བྱས་ཤིང་དེའི་ནང་ལས་ཀ་བྱེད་མཁན་རྣམས་ཀྱི་གནས་སྟངས་བཟང་བ་དང་ཁོང་ཚོར་བཙོན་པ་བཞིན་བཀོལ་སྤྱོད་བྱ་རྒྱུ་མིན་པར་གླ་ཡོད་ལས་མི་བཞིན་གླ་སྤྲོད་ཀྱི་ཡོད་པ་སོགས་བཤད་སྟབས། པ་ལགས་ཀྱིས་ཀྱང་རང་ཉིད་ཀྱི་མིང་ཐོ་བཀོད་ཡོད་འདུག གནས་ཚུལ་དེ་བཙོན་ཁང་དོ་དམ་པ་དེས་མཐོང་དེ་པ་ལགས་ཟུར་ཞིག་ཏུ་ཁྲིད་དེ་མིང་ཐོ་ཅིའི་ཕྱིར་བཀོད་དམ་ཞེས་བྲིས་པ་རེད། དོན་དངོས་སུ་ཚ་ལ་གཏེར་གཏོན་ཕྱིར་འགྲོ་མཁན་བཙོན་པ་རྣམས་ནམ་ཡང་ལོག་རྒྱུ་མེད། དེ་ནས་ཐར་པའི་མི་གཅིག་གིས་བཤད་ཚུལ་ལྟར་ན་བཙོན་པ་༥༤༠༠༠ བཀྲེས་ལྟོགས་དང་ངལ་དུབ། ཁོར་ཡུག་གི་དྲག་རྩུབ་བཅས་ཀྱིས་ཤི་བ་དང་། དེ་མིན་བྲོས་ཐབས་བྱེད་མཁན་རྣམས་མེ་མདའ་བརྒྱབ་སྟེ་གསོད་ཀྱི་ཡོད་ཚུལ་བརྗོད་པར་བརྟེན་པ་ལགས་ཀྱིས་མིང་ཐོ་ཕྱིར་འཐེན་གནང་འདུག
གློག་ཁང་གི་ལས་གཞི་གྲུབ་མཚམས་སུ་འཛིན་སྐྱོང་ནས་བཙོན་རའི་སྒྲིག་གཞི་གདུག་རྩུབ་ཆེ་བ་རེ་ཟུང་ལྷོད་དུ་བཏང་བས་རེ་གཟའ་ཉི་མར་བཙོན་པ་རྣམས་ལ་ནང་མི་ཐུག་འཕྲད་ཀྱང་བྱེད་འཇུག་གི་ཡོད། དོ་དམ་ལྷོད་དུ་ཕྱིན་པའི་སྐབས་དང་བསྟུན་ནས་པ་ལགས་ཀྱིས་བཙོན་ཁང་ནས་བྲོས་གནང་རྩིས་བྱས་པ་རེད། སྤྱིར་བཏང་ཁོང་ཉིད་གཅིག་པུ་ཁུ་སིམ་པོར་བྲོས་གནང་རྩིས་ཡོད་ཀྱང་འོས་འགན་འཕར་མ་ཞིག་བསྣམས་དགོས་བྱུང་བ་ནི། ཁོང་དང་བློ་ཐག་ཉེ་བོར་གྱུར་པའི་བཙོན་གྲོགས་གྲྭ་པ་ཞིག་ལྷན་དུ་འཁྲིད་གནང་རྒྱུ་དེ་རེད། གྲྭ་པ་དེ་ནི་པཎ་ཆེན་འོས་སྤྲུལ་རིན་པོ་ཆེ་ཡིན། ཁོང་ནི་དགའ་ལྡན་ཕོ་བྲང་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ཀྱི་འོས་སྤྲུལ་ཐོག་མ་དེ་རེད། ཕྱིས་སུ་ཨ་མདོ་ནས་ཡང་སྲིད་ངོ་མ་བརྩད་འཚོལ་ཐུབ་པས་ཁོང་ལ་པཎ་ཆེན་འོས་སྤྲུལ་རིན་པོ་ཆེའི་མཚན་གནས་གནང་བ་ཞིག་རེད། ༡༩༦༠ ལོར་ཁོང་རྣམ་གཉིས་པཎ་ཆེན་འོས་སྤྲུལ་རིན་པོ་ཆེའི་ནང་མིའི་ཕྱག་རོགས་གནང་སྟེ་བྲོས་ཐར། དེ་ལྟར་ཁོང་རྣམ་གཉིས་ཀྱིས་འབྲུག་བརྒྱུད་ནས་ཉིན་མོ་བྲག་ཕུག་ནང་གབ་པ་དང་མཚན་མོ་དཀའ་ཚེགས་ཆེ་བའི་ལམ་ཐག་རིང་མོ་དེ་རྐང་འགྲོས་ཁོ་ནས་བརྒལ་ཏེ་རང་དབང་གི་ཕྱོགས་སུ་བྲོས་བྱོལ་གནང་ཐུབ་པ་བྱུང་། སྐབས་དེར་ཁོང་གི་ཡོད་ཚད་ནི་རྩམ་པ་ཁུག་མ་གང་ཡིན།
བྲོས་བྱོལ་དུ་ཕེབས་པའི་འདྲ་གཟུགས་རྣམས་མེད་པར་འགྱུར་ཞིང་ཡོལ་བའི་སྟེང་༡༩༦༠ ནང་དྷ་རམ་ས་ལའིི་ནང་བོད་མི་ཚོས་བཙན་བྱོལ་བོད་གཞུང་ཐོག་མར་བཙུགས་པའི་སྣང་བརྙན་གསལ་འོང་། པ་ལགས་དེའི་དུས་དྲིལ་བསྒྲགས་ལྷན་ཁང་གི་ལས་བྱེད་བཞི་པ་དེ་རེད། ༡༩༦༡ ལོར་ཌ་ལ་ཧོ་སི་རུ་༧རྒྱལ་དབང་རིན་པོ་ཆེས་གལ་ཆེའི་གསལ་བསྒྲགས་ཤིག་གནང་བའི་ནང་བོད་དེ་དཔལ་འབྱོར་དང་སྟོབས་ཤུགས་ལྡན་པ་ཞིག་ཡོང་བ་ལ་སྐུ་དྲག་དང་དགོན་སྡེ་ཁག་གིས་བཟུང་བའི་དམིགས་བསལ་ཁེ་དབང་དང་ས་ཞིང་རྣམས་བློས་གཏོང་དགོས་པ་དང་ཚང་མས་སྐྱོ་བ་དང་མཉམ་གནས་མཉམ་རོགས་བྱ་དགོས་ཞེས་གསུངས་པ་ལྟར། ལྷན་ཁང་ནས་པ་ལགས་དང་ལས་རོགས་ཤིག་བལ་ཡུལ་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཚང་མར་སྐོར་བསྐྱོད་ཀྱིས་༧གོང་ས་མཆོག་གི་གསུང་འཕྲིན་གྱི་དེབ་ཆུང་དེ་བཀྲམ་ནས་འགྲེལ་བརྗོད་དང་སྦྲག་ཁོང་ཉིད་ཀྱི་བོད་ནང་གི་ཉམས་མྱོང་གསུང་རྒྱུར་མངགས་པ་རེད།
ཟླ་བ་དྲུག་གི་སྐོར་བསྐྱོད་དུས་སྐབས་དེ་ཆུ་བཞི་སྒང་དྲུག་དང་བླངས་དམག་མི་རྣམས་གློ་སྨོན་ཐང་ཕྱོགས་སུ་འབྱོར་བ་དང་ཁ་ཐུག ཁོང་ཚོ་མང་པོ་ཞིག་བལ་ཡུལ་དམག་མིས་བཀག་པའི་རྐྱེན་གྱིས་མཐའ་མཚམས་སུ་ལྷག་པ་རེད། དེར་བརྟེན་བཀའ་མོལ་གསུང་ས་ནི་དངུལ་དང་ཟ་བཅའ་རྫོགས་པའི་ཕར་རྒོལ་འཐབ་འཛིང་པ་རྣམས་རེད། ཁོང་ཚོ་དེ་ལྟར་མགོན་མེད་ལྟ་བུར་ལྷག་པས་ཁོང་ཁྲོ་དང་བཅས་གལ་ཏེ་པ་ལགས་ཀྱིས་ཁོང་ཚོའི་དཀའ་ངལ་རྣམས་ཞུ་གཏུགས་བྱེད་ཐབས་མ་བྱས་ཚེ་པ་ལགས་གཏོང་རྒྱུ་མིན་པའི་མཐའ་སྐྱེལ་བྱས་སྟབས། པ་ལགས་ཀྱིས་ནུས་རྩལ་ཡོད་ཚད་སྤྱད་དེེ་མི་ཚོགས་དེ་དག་ཞི་འཇགས་ཐུབ་ཙམ་བྱུང༌། བོད་ནས་འབྱོར་བའི་བོད་མིས་གློ་སྨོན་ཐང་ལ་ཕུང་གསོག་ཐེབས་པར་བརྟེན་བལ་ཡུལ་གྱི་གཞུང་ནས་པ་ལགས་དང་ཁོང་གི་སྐུ་ཚབ་ལ་དེར་ཡོད་པའི་བོད་མི་རྣམས་རྒྱ་གར་ནང་འགྲོ་རྒྱུ་དང་དེ་མིན་ན་བལ་ཡུལ་ནང་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་ནང་ནམ་ཡང་འཛུལ་ཞུགས་མེད་པར་སྡོད་དགོས་པའི་སྐུལ་མ་བྱེད་དུ་བཅུག་པ་རེད། མཐར་སྐོར་བསྐྱོད་པ་རྣམས་སྤོག་ར་བརྒྱུད་གློ་སྨོན་ཐང་བར་གྱི་ལམ་ཐག་རིང་པོ་དེ་རྐང་ཐོག་ཕེབས་དགོས་པ་ཆགས།
དེའི་རྗེས་ཁོང་གི་ལས་འགན་ནི་སྤྱི་དམངས་ཚོང་ཁང་ཞིག་འཛུགས་རྒྱུ་དེ་རེད། ཕྱིས་སུ་དྷ་ས་ཆིག་སྒྲིལ་ཚོང་ཁང་ཞེས་པ་དེ་རེད། སྐབས་དེར་དྷ་སའི་ཚོང་ཁང་གཅིག་པོ་ནི་སྐུ་ཞབས་ནེ་རོ་རྗི་(Norowjee)ཡི་རེད། པ་ལགས་རྒྱ་གར་གྱི་ས་ཕྱོགས་གང་སར་ཕེབས་ཏེ་ཅ་དངོས་ཉོས་གནང་གི་ཡོད། ཚོང་ཁང་དེས་མང་ཚོགས་ལ་མཁོ་བའི་དངོས་ཆས་གལ་ཆེ་རྣམས་འཚོང་གི་ཡོད་སྟབས་ཁེ་འབབ་ཀྱང་བཟང་བས་ཟླ་ཤས་རྗེས་མྱུར་དུ་༧གོང་ས་མཆོག་གིས་ཐོག་མར་ཚོང་ཁང་དེ་འཛུགས་འཆར་ལ་གནང་བའི་དངུལ་བུན་རྣམས་ཀྱི་སྐྱིན་ཚབ་ཀྱང་ཕུལ་ཐུབ་པ་བྱུང༌། རྒྱུན་ལྡན་ཅུང་ལྷོད་པོ་ཡིན་པའི་སྤྱི་དམངས་ཚོང་ཁང་གི་ལས་ཀ་དེ་ཡུན་རིང་རྒྱུན་འཁྱོངས་མ་ཐུབ་གོང་དེ་ལས་གལ་འགངས་ཆེ་བའི་ལས་དོན་ཞིག་ཁོང་གི་ཐོག་ཏུ་འཁེལ་བས་སླར་ཡང་ཁོང་གི་མི་ཚེའི་བཞུད་རྒྱུན་གྱི་ཁ་ཕྱོགས་ཡོངས་སུ་འགྱུར།
༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་རྗེས་སུ་བོད་པའི་ཁ་སྣོན་དཔུང་དམག་དང་སློབ་དམག་སྒར་ཞེས་པ་ཞིག་བཙུགས། དམག་སྡེ་དེའི་ཆེས་ཐོག་མའི་དམིགས་ཡུལ་ནི། བོད་ནང་གསང་བའི་དམག་དོན་ལས་གཞི་རྩོམ་རྒྱུ་དེ་རེད། དེའི་ནང་དམག་མི་ཁྱོན་༣༠༠ ཙམ་ཡོད་པ་ཕལ་མོ་ཆེ་ཆུ་བཞི་སྒང་དྲུག་གི་དམག་མི་ཟུར་པ་ཡིན། དམག་སྡེ་དེའི་བསྟི་གནས་ནི་དམག་སྒར་གི་གཞི་རྟེན་ཡིན་པ་ཅག་ར་ཏར་ཟེར་བར་ཆགས་ཡོད། དམག་སྡེ་དེས་བོད་གཞུང་ལ་སྐུ་ཚབ་གཉིས་འགོ་ཁྲིད་ཀྱི་ཚུལ་དུ་གཏོང་གནང་ཡོད་པའི་རེ་སྐུལ་ཞུས་པ་ལྟར་གཞན་གཉིས་ཆུ་སྒང་གི་དམག་མི་ཟུར་པ་དང་དྷ་ས་ནས་པ་ལགས་དང་གཞུང་ཞབས་རྒན་གྲས་བྱམས་པ་དབང་འདུད་ལགས་གཉིས་འདེམས་བསྒྲུགས་གནང་བ་རེད། མུ་མཐུད་དམག་སྡེའི་ནང་ཉིན་རེར་དམག་མི་གསར་པ་༣༠༠ ནས་༥༠༠ བར་གསར་དུ་འབྱོར་གྱི་ཡོད་པས་ཐོག་མའི་ལས་འགན་ནི་དམག་མི་རྣམས་ལ་གོ་སྒྲིག་བྱ་རྒྱུ་དང་ཡོ་ཆས་རྣམས་མཐུན་འབྱོར་བྱ་རྒྱུ་དེ་རེད། པ་ལགས་ཀྱིས་གནམ་མཆོངས་ཀྱི་དམག་རྩལ་སྦྱོང་བརྡར་གནང་སྟེ་འཕྲལ་སེལ་བོད་དམག་རྣམས་ལ་གནམ་མཆོངས་རྩལ་གྱི་དགེ་རྒན་གནང་བ་དང་དེའི་རིང་ཁོང་ནས་གནམ་མཆོངས་ཐེངས་སུམ་ཅུ་ཙམ་བསྐྱོན་ཡོད། སྐུ་ཞབས་བྱམས་པ་དབང་འདུད་ལགས་ལོ་གཉིས་ཀྱི་རྗེས་དྷ་སར་ཕྱིར་ལོག་གནང་རྗེས་པ་ལགས་ཀྱིས་ཁྱོན་དམག་མི་༡༢༠༠༠ ལྷག་གི་མདའ་དཔོན་ཏེ་དམག་དཔོན་གྱི་གོ་གནས་མཐོ་ཤོས་དེ་བཞེས་པ་རེད། ༡༩༦༠ ལོ་སྨད་ལ་དང་སློབ་དམག་སྒར་གྱིས་བོད་ནང་གསང་བའི་ལས་འགུལ་དུ་མ་སྤེལ་ཡོད་པའི་གཙོ་བོ་དེ་རྒྱ་དམག་གི་གསང་བ་རྟོགས་ཞིབ་བྱ་རྒྱུ་དང་བོད་ནང་ཕར་རྒོལ་གྱི་བསྟི་གནས་འཛུགས་རྒྱུ་སོགས་རེད།
དང་སློབ་དམག་སྒར་གྱི་ཐོག་མའི་བྱས་རྗེས་ནས་གལ་ཆེ་ཤོས་ནི་༡༩༧༡ ལོའི་རྒྱ་གར་དང་པ་ཀི་སི་ཐན་བར་གྱི་འཐབ་འཛིང་ནང་འཛུལ་ཞུགས་བྱས་པ་དེ་རེད། དམག་འཛིང་དེའི་རྗེས་བྷང་ལ་དྷེ་ཤི་རང་བཙན་རྒྱལ་ཁབ་ཅིག་ཏུ་འགྱུར་ཐུབ་ཡོད་པ་རེད། སྐབས་དེར་བོད་དམག་ལ་འཛུལ་ཞུགས་བྱ་རྒྱུའི་རེ་བ་བཏོན་པའི་ཚེ་པ་ལགས་ཀྱིས་བོད་གཞུང་འཛིན་སྐྱོང་ནང་ལས་དོན་དེར་ངོས་ལེན་ཐོབ་རྒྱུའི་ཆེད་ཡིག་ཆ་མཁོ་སྒྲུབ་དང་གོ་གནས་བསྐོ་གཞག་བྱེད་རྒྱུ། དེ་མིན་དྷ་སར་གནས་ཚུལ་ཞུ་འབྱོར་བྱ་རྒྱུ་སོགས་ཀྱི་འགན་བཞེས་པ་རེད། པ་ལགས་ཁོང་དང་རྒྱ་གར་གྱི་དམག་སྤྱི་ཆེན་མོ་ཨེསེ་ཨེསེ་ཨུ་བན་(Major General S. S. Uban)གཉིས་རྒྱ་གར་དང་བྷང་ལ་དྷེ་ཤི་ཡི་ས་མཚམས་སུ་རེ་ཁོན་ལས་དོན་རུ་ཁག་(Recon Mission)ནང་ལྷན་བཞུགས་ཀྱིས་སྲིད་བློན་ཨིན་དྷར་གྷན་དྷི་(Indira Gandhi)མཆོག་གིས་གཙོས་པའི་རྒྱ་གར་གྱི་ཆེས་མཐོའིི་འཛིན་སྐྱོང་མི་སྣ་དང་ལྷན་དུ་དམག་ཇུས་དང་འཆར་གཞིའི་གྲོས་བསྡུར་གནང་ཡོད། སྐབས་དེར་པ་ལགས་ནི་དམག་དཔོན་ཆེན་མོའི་ཕྱག་གཡས་པ་ཡིན་པ་དང་དམག་མི་རྣམས་ཀྱི་ཕྱོགས་བསྐྱོད་ཁ་ཕྱོགས་དང་དགོས་མཁོའི་མཁོ་སྤྲོད་རྒྱུན་འཛིན་དེ་བཞིན་གནས་ཚུལ་གཏོང་ལེན་སོགས་ཀྱི་འགན་བཞེས་ཀྱི་ཡོད། ཁོང་གིས་དམག་ཇུས་བཤམས་པ་དང་གྲ་སྒྲིག་པོ་ཡོང་བར་ནུས་ཤུགས་ཆེན་པོ་སྤེལ་བ་དང་བསྟི་གནས་དེར་ལས་འགན་དེ་བཞེས་མཁན་གྱི་བོད་མི་གཅིག་པོ་དེ་རེད། དམག་སྒར་གྱི་ཕྱི་རོལ་ཏུ་ཁོང་ནི་དམག་མི་རྣམས་ལ་མཁོ་བའི་སེམས་ཤུགས་སྤེལ་བ་དང་རྨས་མ་རྣམས་ལ་ཕར་རོགས་ཚུར་རོགས་གནང་བ་སོགས་གནང་གི་ཡོད། དམག་འཁྲུག་དེའི་ནང་འཛུལ་ཞུགས་བྱེད་མཁན་གྱི་བོད་དམག་༣༠༠༠ གིས་བྷང་ལ་དྷེ་ཤི་རང་བཙན་ཡོང་རྒྱུར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། དེའི་ནང་ནས་བོད་དམག་༥༦ འདས་པ་དང་༢༠༠ ཙམ་ལ་རྨས་སྐྱོན་ཤོར་བ་རེད།
གཞན་ཡང་རྗེས་དྲན་འོས་པའི་མཛད་རྗེས་གལ་ཆེན་ཞིག་ནི་༡༩༧༣ ལོའི་ཞི་བའི་ལས་དོན་ཆེད་གཉེར་དེ་ཡིན། ༡༩༦༠ ལོར་རྒན་ཡེ་ཤེས་ལགས་ཀྱིས་གློ་སྨོན་ཐང་དུ་མི་གྲངས་༣༠༠༠ ཡོད་པའི་འཇབ་དམག་གི་དམག་སྡེ་ཞིག་བཙུགས་ཡོད་པ་རེད། དེའི་འགོ་ཁྲིད་གཞོན་པ་ཞིག་བསྐོས་པ་དེ་རྒྱ་མཚོ་ཚེ་རིང་ཡིན་པས་རྒན་ཡེ་ཤེས་ཀྱིས་དེར་མོས་མཐུན་མ་བྱས་པར་ཁོང་གི་རྗེས་འབྲངས་མི་གྲངས་༢༥༠ དང་བཅས་དམག་གཞི་ཐ་དད་ཅིག་བཙུགས་པ་རེད། དམག་སྡེ་དེ་གཉིས་རྒྱབ་འགལ་དུ་གནས་ཡོད་སྟབས་ཕན་ཚུན་འཐབ་འཛིང་ཡོང་རྒྱུ་གཡོལ་ཐབས་མེད་པ་ཆགས། འགལ་འཛིང་དེ་ལངས་དུས་རྒྱ་མིའི་གནོན་ཤུགས་ཇེ་ཆེར་འགྲོ་བའི་སྐབས་ཡིན་སྟབས་བལ་ཡུལ་གཞུང་གིས་འཇབ་དམག་སྡེ་ཚོགས་ལ་སྲིད་བྱུས་དམ་དུ་གཏོང་གི་ཡོད། དྷ་སར་གནད་དོན་དེའི་ཐད་དོ་ཁུར་བྱུང་རྐྱེན་བདེ་སྲུང་གི་དྲུང་ཆེར་འབོལ་སྐུལ་གྱིས་པ་ལགས་དང་ཁམས་པའི་དམག་དཔོན་ཞིག་གློ་སྨོན་ཐང་དུ་བཏང༌། ཁོང་རྣམ་གཉིས་ཀྱིས་རྒན་ཡེ་ཤེས་ལ་འགོ་འཛིན་གྱི་འོས་འགན་ཞི་བདེའི་ངང་འཕོ་འགྱུར་བྱ་རྒྱུ་དང་ནང་ཟིང་དེ་ཞི་བའི་ངང་སེལ་རྒྱུའི་རེ་བ་འདོན་རྒྱུ་དེ་རེད། རྒན་ཡེ་ཤེས་ཀྱིས་སྐུ་ཚབ་རྣམས་རྒྱ་མཚོའི་ངོས་ནས་ཆ་སྙོམས་མཐོ་ཚད་མི་ཊར་༥༠༠༠ གི་སར་ཡོད་པའི་དམག་སྒར་དུ་གདན་དྲངས། རྒས་པོ་གཡོ་སྒྱུ་ཅན་དེས་སྐུ་ཚབ་རྣམས་ཉིན་གྲངས་མི་ཉུང་བ་ཞིག་ངང་སྒུག་བྱེད་བཅུག་པ་དང་མཐར་སྐུ་ཚབ་རྣམས་མཇལ་འཕྲད་མ་བྱས་པར་གབ་ས་ནས་བྲོས་ཕྱིན་པ་རེད། ཟླ་བ་ཁ་ཤས་རྗེས་དམག་གི་དུམ་བུ་གཉིས་དངོས་སུ་འཐབ་འཛིང་ཤོར་དེ་རྒན་ཡེ་ཤེས་བལ་ཡུལ་གཞུང་ལ་མགོ་བཏགས་རྒྱུ་ཁེལ་ཞིང་ཞི་བའི་ལས་དོན་དེ་འབྲས་མེད་དུ་གྱུར་པ་རེད།
པ་ལགས་ཀྱིས་འགོ་ཁྲིད་པའི་དུས་ཡུན་རིང་དང་སློབ་དམག་སྒར་གྱིས་མིང་དོན་མཚུངས་པའི་སྙན་གྲགས་ལོངས་སུ་སྤྱད་ཅིང་ཀུན་གྱིས་མཐོང་ཆེན་སྤྲོད་ཡུལ་ཞིག་ཏུ་གྱུར་ཐུབ་ཡོད། དམག་སྡེ་དེར་རྒྱ་གར་གྱི་སྐྱ་དམག་གཉིས་ཀྱི་གལ་ཆེའི་མི་སྣ་དུ་མ་ཞིག་གི་མགྲོན་ཞུགས་ཐོབ་ཡོད། སྤྱིར་བཏང་བོད་དམག་གིས་༡༩༧༡ ལོའི་དམག་འཁྲུག་ནང་འཛུལ་ཞུགས་བྱས་པའི་རྙོག་གྲ་དང་འཕྲད་ཀྱང་། པ་ལགས་ཀྱིས་ལས་རོགས་དང་ལྷན་དུ་གོ་བསྡུར་གནང་སྟེ་བོད་དམག་གི་འཛུལ་ཞུགས་དེ་རང་འགུལ་གྱི་ཡིན་གྱིས། དེ་ནི་བཙན་འོག་ཏུ་ཡོད་པའི་བྷང་ལ་དྷེ་ཤི་མི་དམངས་ལ་རོགས་སྐྱོར་བྱས་པ་ཡིན་པའི་ངོས་འཛིན་བསྐྲུན་པ་རེད། གཟབ་ནན་དགོས་པའི་གནད་དོན་དེ་སྤྱང་གྲུང་ལྡན་པའི་ངང་སེལ་བ་དང་གཡུལ་སར་བོད་དམག་རྣམས་ཀྱི་སྙིང་སྟོབས་ཟུང་འབྲེལ་ལ་རྒྱ་གར་གཞུང་གིས་དྲིན་དུ་རྩི་ཡི་ཡོད། དམག་འཁྲུག་ཞི་འཇམ་དུ་གྱུར་རྗེས་པ་ལགས་ཀྱིས་བོད་དམག་གི་གནས་སྟངས་ཡར་རྒྱས་གཏོང་ཕྱིར་སྐུ་ངལ་ཆེན་པོ་བསྐྱོན་ཏེ་ཁོང་ཚོར་རྒས་ཡོལ་གྱི་ལེགས་གསོལ་དུ་ས་ཆ་དང་ཁང་པ། དེ་བཞིན་འཚོ་རྟེན་གྱི་ཚོང་ཙག་ཙིག་རྒྱག་རྒྱུ་བཅས་ཀྱིི་ཐོབ་ཐང་རག་ཡོད། ཕྱིས་སུ་ལས་གནས་དེ་ནས་ཐེངས་མང་དགོངས་ཞུ་གནང་རྩིས་བྱས་ཀྱང་སྤྱི་ལོ་༡༩༧༦ ལོར་གཞི་ནས་དམག་སྡེ་ནས་དགོངས་འཁྲོལ་བྱུང་བ་རེད།
དེ་ནས་ཁོང་དྷ་སར་ལོག་ཕེབས་ཐེངས་གཉིས་པ་དེར་བདེ་སྲུང་ལྷན་ཁང་གི་དྲུང་ཆེའི་ཐུགས་འགན་བཞེས། ཁོང་གིས་ལས་གནས་དེ་བཞེས་ནས་༡༩༨༧ ལོར་དང་བླངས་ཀྱིས་རྩ་དགོངས་མ་ཞུས་བར་དུ་ཞབས་འདེགས་ཞུས་ཡོད་པ་རེད། ཁོང་གིས་ལོ་བཅུའི་རིང་ཞབས་ཞུ་གནང་རིང་ལྷན་ཁང་དེའི་ལས་དོན་བྱ་ཕྱོགས་ལ་གཟེངས་སུ་ཐོན་པའི་འཕོ་འགྱུར་བཏང་བ་ནི་རྒྱ་གར་གྱི་བདེ་སྲུང་ལྷན་ཁང་དང་ལྷན་དུ་གཉིས་སྨན་གྱི་མཛའ་འབྲེལ་ཟབ་ཤོས་བཙུགས་གནང་བ་དེ་རེད། དེ་ཡང་ཁོང་གིས་ལོ་མང་རིང་དམག་དོན་ནང་ཚུགས་པའི་མཛའ་འབྲེལ་གྱི་ཕན་ནུས་ཡིན། ཁོང་གིས་ལྷན་ཁང་གི་ལས་དོན་རྒྱ་ཆེ་རུ་བཏང་གནང་བ་མ་ཟད་མ་འོངས་སྣེ་ཁྲིད་པ་ན་གཞོན་གསོ་སྐྱོང་དང་འབྲེལ་མཐུད་བརྒྱུད་ལམ་དང་མཁར་དབང་གང་གི་ཆ་ནས་འཕེལ་རྒྱས་བཏང་སྟེ་ལྷན་ཁང་གི་ལས་དོན་ལ་ནུས་ཤུགས་ཆེན་པོ་ཞིག་བསྐྲུན་པ་རེད།
༡༩༦༩ ལོ་སྨད་དང་བདུན་ཅུའི་ནང་གནོད་ཚབས་ཆེ་བའི་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་རློམ་སེམས་ཅན་རིགས་གཅིག་གིས་རྐྱེན་བྱས་ཏེ་བོད་གཞུང་དང་སྐྱིད་སྡུག་འགའ་ཤས་ཀྱི་དབར་འཆམ་མཐུན་མ་བྱུང་བས་གནས་སྟངས་མ་ལེགས་པར་གྱུར་ཡོད། དེའི་ཐོག ༡༩༧༧ ལོར་ཀ་ལེ་མེན་གྲོང་དུ་སྐྱིད་སྡུག་གི་འགོ་ཁྲིད་གཅིག་བསད་པ་དེས་གནས་ཚུལ་ཉག་ཕྲ་རུ་བཏང་བས་གནས་ཡུལ་གྱི་ཕྱིར་ཡོད་པའི་བོད་མི་ཁྱུ་གཅིག་གིས་ཁོང་ཁྲོའི་ངང་གངས་ཅན་སྐྱིད་གཤོངས་གི་གཞུང་ལས་ཁང་དུ་རུབ་སྟེ་བཀའ་བློན་དང་ལས་བྱེད་པ་རྣམས་འཛོམས་པའི་ཚོགས་ཁང་ནང་འཚང་ཡོང་བ་རེད། སྐབས་དེའི་གནས་དོན་དངོས་སུ་མཐོང་མྱོང་མཁན་ཚོས་བཤད་པ་ལྟར་ན་དེ་དུས་སུ་གཅིག་གིས་ཀྱང་ཚོགས་འདུར་བརྡབ་གསིག་བྱེད་མཁན་དེ་ཚོར་ཁ་གཏད་གཅོག་མ་ཕོད་པར་ཁུ་སིམ་པོར་གྱུར་ཀྱང་། པ་ལགས་ཡར་བཞེངས་ཏེ་མི་ཚོགས་དེ་དག་ལ་ཡ་རབས་ཀྱི་གུས་ལུགས་དང་ལམ་དང་ལུགས་ཀྱི་སྒོ་ནས་བདེ་སྡུག་ཞུ་དགོས་ཀྱི་ཡོད་པའི་བཀའ་སློབ་གནང་བས་གཞན་རེ་ཟུང་ལ་བློ་ཁོག་རྙེད་དེ་སྐད་ཆ་བཤད་འདུག དེ་ལྟར་མི་ཚོགས་དེ་དག་ཞི་འཇམ་བྱུང་ནས་ཟིང་ཟིང་ཆེ་བའི་གནས་སྟངས་དེ་ཞི་བར་གྱུར་པ་རེད། པ་ལགས་དགུང་ལོ་བདུན་ཅུའི་དཀྱིལ་མཚམས་ལ་ཕེབས་དུས་སྔར་བལ་བོད་ཀྱི་མཐའ་མཚམས་ཀྱི་ཐག་རིང་རོང་ས་རྣམས་སྣང་མེད་དུ་བརྒལ་ཐུབ་ཅིང་རྒྱ་དམར་གྱིས་མེ་མདའ་གཞུས་པའི་ཞབས་ལ་ད་གཟོད་སྙུང་གཞི་འགོ་ཚུགས་དེ་ཅུང་འགུལ་དཀའ་བར་གྱུར་ཀྱང་། ཁོང་གིས་ཉིན་རེའི་བྱ་བཞག་རྣམས་ཧུར་ཐག་གིས་སྐྱོང་གི་ཡོད། ཉིན་གུང་ཨ་རིའི་རླུང་འཕྲིན་དང་ནོར་ཝེའི་བོད་ཀྱི་རླུང་འཕྲིན་རྣམས་དུས་ཐོག་གསན་ཞིང་བོད་ཡིག་གི་གསར་འགྱུར་ཚགས་ཤོག་ཡོད་ཚད་ལྗགས་ཀློག་གནང་བ་དང་ཐུགས་སྣང་ཆེན་པོས་རྒྱུན་ཆད་མེད་པར་བྱ་བཞག་ཆེ་ཆུང་སྣ་ཚོགས་ལ་ལམ་སྟོན་ཞུ་མཁན་རྣམས་ལ་མཇལ་མོལ་གནང་གི་ཡོད། ཁོང་སྐུ་མ་འདས་གོང་གི་བདུན་ཕྲག་ཁ་ཤས་ནང་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་རྣམས་ཀྱི་བློས་གཏོང་ལ་ཐུགས་སྨོན་ཆེན་པོ་སྐྱེས་ནས་བོད་མིའི་རང་དབང་གི་ལས་འགུལ་གྱི་གོམ་ཕྱོགས་གསར་པ་ཞིག་ཏུ་སྤོ་བཞིན་ཡོད་པའི་ཐུགས་ཚོར་བྱུང་སྟེ་གནས་སྟངས་ཇི་ལྟར་ཆགས་ཀྱང་བོད་མི་ཚོར་རང་དབང་སླར་གསོ་ཡོང་བའི་ཡིད་ཆེས་བརྟན་པོ་འདུག པ་ལགས་ནི་རྟག་ཏུ་ལར་ཞེན་ཅན་ཞིག་ཡིན་ནའང་ཕྱོགས་གཅིག་ནས་བསམ་བློའི་རང་དབང་ལྡན་པ་ཞིག་རེད། མི་ཞིག་གི་ཆ་ནས་ཁོང་ནི་ལྷག་བསམ་ལྡན་ཞིང་གཤིས་སྤྱོད་བཟང་ལ་སྒྲིག་ལམ་དག་པ་ཞིག་ཡིན། དུས་རྟག་ཏུ་རང་ཉིད་ཀྱི་ཕྱག་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ཐབས་གནང་གིི་ཡོད་ཀྱང་གཞི་རིམ་ཀྱི་སློབ་སྦྱོང་སྤུས་དག་ཐོབ་མེད་པས་རང་ཉིད་ཀྱི་སྐྱོན་ཆ་ལ་ཡང་ཡོ་བསྲངས་གནང་མཁན་ཞིག་ཀྱང་ཡིན། པ་ལགས་ཁོང་ལ་དེང་དུས་ཀྱི་ཤེས་ཡོན་མེད་ནའང་གུས་མོའི་ངོས་ནས་ཁོང་ནི་ད་བར་གུས་མོས་མཐོང་བའི་ཡོན་ཏན་ཆེ་ཤོས་དང་སྔོན་ཐོན་ཆེ་ཤོས་ཀྱི་མི་སྣ་གཅིག་པུ་དེ་ཡིན། མ་ཟད་ཁོང་ནི་བཟའ་ཟླ་ཡག་པོ་ཞིག་དང་ཕ་བཟང་པོ་ཞིག་ཡིན་པས་རང་ཉིད་ཀྱི་ནང་མི་རྣམས་རྣམ་དག་གིས་བསྐྱངས་ཡོད། ཁོང་སྐུ་འདས་རྗེས་ང་ཚོ་ནང་མི་རྣམས་ཀྱིས་ཁོང་གི་བཅའ་དངོས་རྣམས་དབྱེ་འབྱེད་བྱེད་ཞོར་ཁོང་ལ་ཡོད་པའི་དངོས་ཆས་ནི་ཇི་འདྲའི་ཉུང་ཉུང་ཞིག་ཡིན་པ་ཤེས་བྱུང་། ངོ་མ་ཁོང་གིས་རང་གི་དགེ་རྒན་གྱི་བཀའ་དང་གཉིས་སུ་མེད་པའི་ཕྱག་བཞེས་གནང་འདུག ཁོང་ཐོག་མ་བོད་ནས་ཕེབས་སྐབས་རྩམ་པ་ཁུག་མ་གང་ལས་མེད་ལ་སྐུ་འདས་དུས་ཀྱང་རྒྱུ་འབྱོར་གང་ལ་ཡང་ཆགས་ཞེན་མེད་པར་ཕེབས་པ་རེད།
དེ་ལྟར་འདྲ་གཟུགས་གི་ཡོལ་བ་རྣམས་རིམ་པས་ཡལ་ཏེ་མཐར་གསལ་ཐིང་ཐིང་གི་དགུང་སྔོན་གཅིག་པོར་ལྷག གུས་མོ་གློ་བུར་དུ་འདས་དོན་གྱི་དྲན་འཆར་ལས་གསོས་དུས་དུར་སར་རང་ཉིད་དང་སྤུན་ཆུང་རྣམས་ལས་མེད་པ་རྟོགས། གཞན་ཚང་མ་ལོག་ཟིན་འདུག མེས་བསྲེགས་པའི་དུར་ཤིང་རྣམས་ཟད་དེ་གོ་ཐལ་དང་གཞན་ལྷག་མ་རྣམས་ལུས་འདུག ཉིན་དེར་གུས་མོ་ནང་ལ་ཕྱིར་ལོག་སྐབས་ད་བར་ཁོང་གིས་བཞེས་པའི་རྣམ་པ་འདྲ་མིན་དེ་དག་ལ་བསམས་ཏེ་ཡ་མཚན་མ་སྐྱེས་ཐབས་མེད་བྱུང་། སྐབས་ཤིག་སློབ་ཕྲུག་དང་སྐབས་ཤིག་གྲྭ་པ། མཚམས་རེ་ཞབས་ཕྱི་དང་། ཡང་རང་དབང་རྩོད་ལེན་པ། དེ་ནས་ངལ་རྩོལ་རྒྱུག་གྲོགས་དང་། བྲོས་བྱོལ་བ། དམག་མི། གནམ་མཆོངས་སློབ་དཔོན། དམག་མི་ཟུར་པ། བདེ་སྲུང་འགོ་བ་དང་། ཚོགས་པའི་འགོ་ཁྲིད། བཟའ་ཟླ་དང་པ་ཕ་ལ་སོགས་གྲངས་ལས་འདས་པའི་འོས་འགན་དེ་དག་རེ་རེ་བཞིན་བརྒྱུད་ནས་ལྟ་སྐབས་ད་གཟོད་གུས་མོས་གཞི་ནས་པ་ལགས་ཀྱི་སྐུ་ཚེའི་འཁོར་རྒྱུན་གསལ་པོར་རྟོགས་ཐུབ་པ་དང་ལྷན་དུ་ཉེ་དུས་ཀྱི་བོད་པའི་ལོ་རྒྱུས་ལ་ཡང་རྒྱུས་ལོན་ཐུབ་སོང་།། །།
དབུ་དཀར་ཚང་གཡུ་སྒྲོན་གྱིས་ཕ་དམ་པའི་དྲན་རྟེན་ཆེད་ཨིན་ཡིག་ཏུ་བྲིས།