མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་དཔྱད་པ།
བཅའ་ཁྲིམས་འདི་ནི་སྤྱི་ལོ ༡༩༨༤ ཟླ་བ་ ༥ ཚེས་ ༣༡ ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལ་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས་གཞིར་བཟུང་དག་བཅོས་བྱས་པ་ཞིག་ཡིན་ཚུལ་བརྗོད་འདུག།
བཅའ་ཁྲིམས་འདི་དངོས་སུ་ལག་བསྟར་བྱས་ཚེ་གྲངས་ཉུང་མི་རིགས་རྣ མས་ལ་གཞི་རྩའི་ཐོབ་ཐང་དང་གྲངས་མང་མི་རིགས་ལ་བལྟོས་ཏེ་གྲངས་ཉུང་མི་རིགས་ཀྱི་བཅའ་ཁྲིམས་གུ་ཡངས་ཡོད་པ་མ་ཟད་། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་མི་རིགས་རང་གི་རིག་གཞུང་དང་། ཡུལ་གྱི་གོམས་པའི་གཤིས་ལུགས། ཆོས་དད་རང་དབང་དང་ཁོར་ཡུག་སྲུང་སྐྱོབ། ད་དུང་རྒྱལ་ཁབ་སྤྱིའི་སྤྱོད་མཁོ་ཆེ་བའི་སྐད་དང་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། སྐད་རིགས་གཉིས་ལྡན་གྱི་ཤེས་ཡོན་པ་རྣམས་ལ་བྱ་དགའ་སྤྲོད་རྒྱུ་སོགས་གཞི་རྩའི་ཁྲིམས་ནི་ཧ་ཅང་གི་གུ་ཡངས་དང་གྲངས་ཉུང་མི་རིགས་ལ་འོས་ཤིང་འཚམ་པའི་ཁྲིམས་ཡིག་དོན་ཚན་བདུན་ཅུ་དོན་གསུམ་པ་ཅན་ཞིག་གཏན་ལ་ཕབས་པའི་བཅའ་ཁྲིམས་ཞིག་ཡིན། ཁྲིམས་ཡིག་གི་ནང་དོན་ནི་གྲངས་ཉུང་མི་རིགས་ཤིག་ལ་མཚོན་ན་ཧ་ཅང་གི་འོས་ཤིང་འཚམ་པ་དང་གུ་ཡངས་ཀྱི་རྣམ་པ་ལྡན་པའི་བཅའ་ཁྲིམས་ཤིག་ཡིན་མོད། འོན་ཀྱང་བཅའ་ཁྲིམས་འདི་ནི་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་སྣང་ངོར། ཀྲུང་གོ་གུང་ཁྲན་ཏང་གི་གྲངས་ཉུང་མི་རིགས་ལ་བཅའ་ཁྲིམས་གུ་ཡངས་ཡོད་ཚུལ་སོགས་ལྟ་ཚུལ་ཡག་པོ་ཡོང་ཆེད་དང་རྨོངས་རྒྱ་ལས་མ་གྲོལ་བའི་གྲངས་ཉུང་མི་རིགས་རྣམས་ལ་མགོ་སྐོར་བསླུ་བྲིད་དང་སྲིད་དབང་སྒེར་བདག་རིགས་ལུགས་དེ་ཉིད་སྲ་བརྟན་ཡོང་ཆེད་། ཆེད་མངགས་བཟོས་པའི་ཕྱི་མཛེས་ནང་སྟོང་གི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས། བཅའ་ཁྲིམས་འདི་གཏན་འབེབས་བྱེད་དགོས་དོན་ཡང་། རྒྱ་མི་གུང་ཁྲན་ནི་མི་རིགས་སྣ་མང་ལ་གཉའ་གནོན་དང་ཧམ་ཟས་བྱེད་པའི་སྲིད་དབང་སྒེར་བདག་རིང་ལུགས་ཀྱིས་བསྐྲུན་པའི་རྒྱལ་ཁབ་ཅིག་ཡིན་སྟབས། དངོས་ཡོད་ཀྱི་གནས་ཚུལ་དང་མ་མཐུན་པའི་གྲངས་ཉུང་མི་རིགས་འདི་དག་ལ་རང་རང་གི་མི་རིགས་དང་རྒྱལ་ཁབ། རྒྱལ་པོ་སོགས་ཡོད་པ་མ་ཟད། མི་རིགས་རང་རང་ལ་རིག་གཞུང་དང་ཡུལ་གྱི་གོམས་པའི་གཤིས་ལུགས། སྤྱི་ཚོགས་ཀྱི་འཕེལ་རིམ། རང་རང་ལ་དད་མོས་བྱེད་སའི་ཆོས་ལུགས་དང་མཆོད་གནས་སོགས་གང་ཅིའི་ཐོག་དངོས་ཐོག་བདེན་འཚོལ་བྱེད་སྐབས་མི་རིགས་དང་རྒྱལ་པོ་རྒྱལ་ཁབ་སོ་སོར་ཡོད་པ་ནི། མིག་མེད་ཀྱི་ལོང་བ་དང་རྣ་མེད་ཀྱི་འོན་པས་ཡང་བདེན་རྫུན་ར་ཕྲོད་པའི་དུས་རབས་ཤིག་ལ་གྱུར་སྟབས། དངོས་ཡོད་ཀྱི་གནས་ཚུལ་ལ་འགོག་རྐྱེན་དང་སྦས་སྐུང་བྱེད་པའི་རྫུན་གཏམ་གྱིས་གཡོགས་པའི་བཅའ་ཁྲིམས་ཤིག་མིའདོད་བཞིན་དུ་གཏན་ལ་ཕབ་དགོས་བྱུང་། འོ་ན་བཅའ་ཁྲིམས་དེ་གཏན་ལ་ཕབ་ནས་བོད་མིའི་མངོན་འདོད་ཀྱི་རྩོད་ལེན་དེ་དག་འགོག་ནུས་དང་སྲིད་དབང་སྒེར་བདག་རིང་ལུགས་ཀྱི་རྒྱལ་ཁབ་ལ་ཕན་ནུས་ལྡན་པའི་ནུས་པ་ཐོན་ནམ་ཞེ་ན། དེ་ནི་ཤིན་ཏུ་ནས་བཤད་པར་དཀའ་བ་དང་ཚོད་དཔག་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ནི་གདོད་མའི་སྤྱི་ཚོགས་དང་མི་འདྲ་བར་མང་ཚོགས་གོ་རྟོགས་དང་རྨོངས་གཉིད་ལས་སད་པའི་སྐབས་ཤིག་ལས་མ་འདས། མང་ཚོགས་རྣམས་རྨོངས་གཉིད་ལས་གྲོལ་ཏེ་ཤེས་ཡོན་ཅན་གྱི་སྤྱི་ཚོགས་སུ་འགྱུར་རྗེས་གྲོང་མི་ཁྱིམ་མཚེས་དང་གྲོང་ཚོ་གཡས་གཡོན་ལུང་ཚན་སྡེ་ཁག་སོགས་ལ་དེ་ཙམ་ཞེན་པ་མེད་ཀྱང་རང་གི་མི་རིགས་དང་རིག་གཞུང་ལ་གཅེས་འཛིན་དང་ཤ་ཞེན་ཆེ་རུ་འགྲོ་མ་ཟད། ལྷག་པ་དུ་མི་རིགས་དང་ས་ཁམས་ལ་བདག་དབང་དང་རིགས་མཐུན་གྱི་མི་རིགས་ལ་གཅིག་བསྡུས་ཀྱི་བསམ་བློ། མང་ཚོགས་ཀྱི་ཐོབ་ཐང་དང་རྒྱལ་ཁབ་ལ་གཅེས་འཛིན་སོགས་ནི། སྤྱི་ཚོགས་ཀྱི་ཤེས་ཡོན་ཇི་ཙམ་གོང་མཐོར་ཕྱིན་པ་དེ་ཙམ་གྱིས་རང་གི་རྒྱལ་ཁབ་དང་མི་རིགས་ལ་གཅེས་འཛིན་ཆེ་རུ་འགྲོ་བ་ནི་འཇིག་རྟེན་གཤིས་ལུགས་ཡིན། དཔེར་ན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རི་དང་རྒྱ་ནག་ལྟ་བུ་ལ་མཚོན་ན་མངོན་འདོད་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་འཚོ་བ་ལ་དེ་ཙམ་དཀའ་ངལ་མེད་པ་མ་ཟད་མང་ཚོགས་ཀྱི་ཤེས་ཡོན་ཡང་ཚད་མཐོན་པོར་སླེབས་ཡོད་ཀྱང་རང་རང་གི་མི་རིགས་དང་རྒྱལ་ཁབ་ལ་གཅེས་འཛིན་དང་། རང་གི་རྒྱལ་ཁབ་དེ་ཉིད་སྲ་བརྟན་འཇིག་མེད་ངང་གནས་ཐུབ་པའི་ཆེད་དུ་མི་ཡི་ཚེ་སྲོག་ལ་ཕངས་མེད་དང་། དཔལ་འབྱོར་གྱི་འགྲོ་གྲོན་སོགས་ལ་མ་འཛེམ་པར་རྒྱལ་སྲུང་དམག་གི་གོ་སྒྲིག་དང་འབར་རྫས་མཁོ་སྒྲུབ་སོགས་བྱས་དང་བྱེད་བཞིན་པ་དེ་དག་ཐམས་ཅད། རྒྱལ་ཁབ་ནི་ཧ་ཅང་གི་གནད་འགག་དང་དགོས་མཁོ་ཅན་ཞིག་ཡིན་པ། མི་རིགས་ཤིག་སྲ་བརྟན་གནས་པ་ལ་ངེས་པ་དུ་རང་ཚུགས་ལྡན་པའི་རྒྱལ་ཁབ་ཤིག་དགོས་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་དུ་ལོ་རྒྱུས་བྱུང་རིམ་ལྡན་ཤིང་རིག་གཞུང་གྱི་རྩ་ལག་རྒྱས་པའི་ང་ཚོ་བོད་མི་རིགས་འདི་ཡང་དུས་རབས་ཉེར་གཅིག་ལ་སླེབས་སྐབས་རྨོངས་མུན་གྱི་བཀག་རྒྱ་ལས་གྲོལ་ཏེ་འདས་ཟིན་གྱི་ལོ་རྒྱུས་ལ་ཕྱིར་བལྟས་དང་མེས་པོའི་མཛད་རྗེས་ལ་སྤོབས་སེམས། མི་རིགས་ཀྱི་རྒུད་ཆག་ལ་ཕངས་སེམས་དང་། བཙན་རྒྱལ་རིང་ལུགས་ལ་རྒོལ་ལན་བྱེད་པའི་སྤོབས་པ་ཇེ་ཆེར་འགྲོ་བཞིན་པ་ནི་འཛམ་གླིང་མི་མང་གི་མིག་ངོར་མཐོང་ཆོས་སུ་གྲུབ་པ་ཤིན་ཏུ་གསལ། ང་ཚོ་བོད་མི་ཡོད་དོ་ཅོག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཚེ་སྲོག་གི་འགྲོ་གྲོན་དང་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྒོལ་ལན་བྱེད་པ་འདི་དག་ཐམས་ཅད་མངོན་འདོད་ཀྱི་བསམ་པ་དང་མི་མཐུན་པའི་ལྟ་བ་མཁྲེགས་འཛིན་གྱི་བྱ་སྤྱོད་ལས་བྱུང་བ་གསལ་པོ་རྟོགས་ཐུབ། གྲངས་ཉུང་མི་རིགས་ལ་སྤེལ་བའི་བཅའ་ཁྲིམས་དོན་ཚན་བདུན་ཅུ་དོན་གསུམ་དེ་དག་དངོས་ཡོད་ཀྱི་ལག་ལེན་ལ་འཁེལ་ན་རྒོལ་ལན་དེ་དག་བྱུང་དགོས་དོན་མེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཅའ་ཁྲིམས་དེ་ཕྱི་མི་ཡི་མཐོང་སྣང་ལ་མཛེས་སྤྱོད་ཀྱི་རྣམ་པ་ཁོ་ན་དང་ནང་ཁུལ་དུ་མགོ་སྐོར་བསླུ་བྲིད་ཀྱིས་བསྐྲུན་པའི་གཡོ་ཇུས་ཅན་གྱི་བཅའ་ཁྲིམས་ཤིག་ཡིན་པ་གསལ་པོ་རྟོགས་ཐུབ་བོ།།
བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་དཔྱད་པ།
འདི་ཡི་སྔོན་གླེང་ནང་འཁོད་པ་ལྟར་ན། (མི་རིགས་ས་ཁོངས་རང་སྐྱོང་ལག་ལྟར་བྱེད་པ་དེས་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་བརྩོན་སེམས་འདོན་སྤེལ་བྱེད་པ་དང་། འདྲ་མཉམ་དང་། མཐུན་སྒྲིལ་། རོགས་རེས་དང་། མི་རིགས་བར་འབྲེལ་བ་ཇེ་བཟང་དུ་སྤེལ་དགོས་སྐོར་འཁོད་འདུག) འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས་དང་། མི་རིགས་བར་འབྲེལ་བ་ཇེ་བཟང་དུ་སྤེལ་དགོས་བཤད་པ་དེ་ཡང་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ན་བདེན་མོད་འོན་ཀྱང་དེ་ནི་ཁ་བཤད་ཆུ་ཡི་ལྦུ་བ་ཞིག་ཡིན་པ་ལས་ལག་ལེན་གསེར་གྱི་ཐིགས་པ་ཞིག་ག་ལ་ཡིན། དོན་དངོས་ཐོག་མི་རིགས་བར་འབྲེལ་བ་ཇེ་བཟང་དུ་བཏང་བ་ལ་ཆ་རྐྱེན་འདིར་ལྟར་དགོས་ཏེ། འདྲ་མཉམ་བྱེད་འདོད་ན་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་སྟེ་ཕན་ཚུན་བར་མཐོང་ཆུང་དང་ཁྱད་གསོད་སྤངས་དགོས་པ་མ་ཟད་མི་རིགས་བར་བཅའ་ཁྲིམས་ལག་བསྟར་བྱེད་པ་འདྲ་མཉམ་དང་སྐྱོབ་གསོ་རོགས་ཕན་བྱེད་པ་སོགས་ནི་འདྲ་མཉམ་ཀྱི་རྨང་གཞི་ཡིན། མི་འབོར་མང་བའི་མི་རིགས་ཀྱི་ནང་དུ་འཚར་ལོངས་བྱུང་བའི་ལྟ་བ་མཁྲེགས་འཛིན་གྱི་སྣེ་ཤན་པ་དག་གི་གྲངས་ཉུང་མི་རིགས་ལ་རྨོངས་དད་ཅན་དང་རྗེས་ལུས་ཀྱིས་ཐ་སྙད་བཏགས་ཏེ་མཐོང་ཆུང་བྱེད་པ་དེ་འདྲ་མཉམ་གྱི་ལྟ་ཚུལ་ཞིག་རེད་དམ། གལ་ཏེ་འདྲ་མཉམ་བྱེད་འདོད་ཀྱི་ཀུན་སློང་རྣལ་མ་ཞིག་ཡོད་ན་ཁྲིམས་ཀྱི་ལག་བསྟར་འདྲ་མཉམ་དང་མང་ཚོགས་ལ་སྐྱོབ་གསོ། རང་དབང་འདྲ་མཉམ་གྱི་ལས་བྱེད་བཀོད་འདེམས་བྱེད་སྟངས་སོགས་འདྲ་མཉམ་ཞིག་ཡོད་དགོས་པ་ལས་དེ་དག་མེད་པ་གསལ་པོ་རྟོགས་ཐུབ། གཉིས་པ། མཐུན་སྒྲིལ་དང་མི་རིགས་བར་འབྲེལ་བ་བཟང་པོ་ཞིག་དགོས་ན་མི་རིགས་ཕན་ཚུན་བར་བརྩེ་སེམས་དང་ཡིད་ཆེས་ཀྱི་ས་བོན་བསྐྲུན་དགོས་ཤིང་མི་རིགས་ཕན་ཚུན་བར་བརྩེ་སེམས་དང་ཡིད་ཆེས་ནི་མཐུན་སྒྲིལ་གྱི་རྨང་གཞི་ཡིན་པ་བརྗོད་ག་ལ་དགོས། རྒྱ་གཞུང་གི་སྣེ་ཁྲིད་པ་དང་གཞུང་གི་བཀོད་འདོམས་བྱེད་པའི་གསར་འགོད་པ་དག་གིས་ཉིས་སྟོང་བརྒྱད་ལོར་ཨོ་ལན་ཧྤིག་རྩེད་འགྲན་སྐབས། བོད་རིགས་རྣམས་ཀྱིས་བོད་ལ་རང་དབང་དང་ཆོས་དད་རང་མོས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཞེས་པའི་འབོད་སྒྲ་སྒྲོག་སྐབས། རྒྱ་གཞུང་གི་སྣེ་ཤན་པ་དང་གསར་འགོད་པ་དག་གིས་ལས་འགུལ་དེ་ནི་བོད་མི་རིགས་ཀྱིས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཚུལ་སོགས་ཀྱི་བསྒྲགས་གཏམ་སྤེལ་ནས་མི་རིགས་བར་གྱི་འགལ་ཟླའི་ས་བོན་བསྐྲུན་པ་དེ་ནི་མཐུན་སྒྲིལ་དང་མི་རིགས་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་དགོས་ཞེས་པའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་ནམ། ཡང་སྔོན་གླེང་འདི་ཡི་ནང་འཁོད་པ་བལྟས་ན། (ངེས་པར་དུ་གྲངས་ཉུང་མི་རིགས་ཀྱི་རིམ་པ་ཁག་གི་ལས་བྱེད་པ་དང་ཆེད་ལས་ཤེས་ཡོན་ཅན་སྣ་ཚོགས། ལག་རྩལ་བཟོ་པ་བཅས་འབོར་ཆེན་གསོ་སྐྱོང་བྱེད་དགོས་པ་འཁོད་ཡོད་) གྲངས་ཉུང་མི་རིགས་ཀྱི་ཁོངས་སུ་ལས་བྱེད་པ་དང་ཤེས་ཡོན་ཅན། ལག་རྩལ་བཟོ་པ་འབོར་ཆེན་གསོ་སྐྱོང་དང་བསྡུ་སྒྲུག་བྱས་ན་རྗེས་སུ་ཡིད་རངས་དང་དགའ་འོས་པ་ཞིག་ཡིན་མོད། འོན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ལ་ཞིབ་དཔྱོད་བྱེད་སྐབས་གྲངས་ཉུང་མི་རིགས་ཀྱི་སྡེ་ཁག་སོ་སོའི་ནང་གཙོ་འཛིན་མ་ཡིན་པའི་ལས་བྱེད་མི་སྣ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པ་དངོས་ལྡན་ཡིན་ཡང་དེའི་ནང་དུ་བཀོད་འདེམས་བྱེད་པའི་གཙོ་འཛིན་མི་སྣ་མང་ཆེ་བ་རྒྱ་རིགས་ཡིན་པ་ལས་བོད་རིགས་ཧ་ཅང་ཉུང་ཉུང་ཡིན། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་སུ་བོད་རིགས་ཞུགས་ན་དེ་ཙམ་གྱི་དཀའ་ངལ་མེད་པར་དང་གྲངས་ཉུང་མི་རིགས་ལ་བལྟོས་ཏེ་དྲག་དམག་གི་ཁོངས་སུ་བོད་རིགས་མི་ཉུང་བ་ཞིག་ཡོད་པ་ནི་མཐོང་ཆོས་སུ་མཆིས། བོད་རིགས་ཀྱི་ཁོངས་སུ་དྲག་དམག་མིཉུང་བ་ཞིག་བསྡུ་སྒྲུག་བྱེད་པའི་དགོས་པ་དང་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ཀུན་གྱིས་མཐོང་གསལ་ཡིན་ལགས། དེ་ལྟར་མ་ཡིན་པའི་ཚན་རིག་ལག་རྩལ་གྱི་ཁོངས་སུ་གཏོགས་པའི་ལག་ཤེས་བཟོ་གྲྭ་དང་རྫས་སྦྱོར་རིག་པ། འཕྲུལ་འཁོར་གསར་བཟོ་སོགས་ཀྱི་ཁོངས་སུ་ཆེད་ལས་མི་སྣ་བོད་རིགས་བསྡུ་སྒྲུག་བྱེད་པར་ནི་ཤིན་ཏུ་ཉུང་བ་དང་ཧ་ལམ་མེད་པ་ལྟར་བུ་ཆགས་ཡོད། ཆེད་ལས་ཀྱི་ཤེས་ཡོན་དེ་ལྟར་མ་སྤྲོད་པ་ལ་དགོས་པ་ཧ་ཅང་ཆེན་པོ་ཡོད་དེ། མི་རིགས་དེ་ལ་ཆེད་ལས་ཀྱི་ཤེས་ཡོན་མེད་ན་མི་རིགས་དེ་ནམ་ཡང་ཉམས་རྒུད་དང་གསོན་ཤུགས་རྒྱས་མི་ཐུབ་པ་ཤེས་ནས་ཆེད་ལས་ཀྱི་ཤེས་ཡོན་མ་སྤྲད་པ་ཡིན། མི་རིགས་དེ་གསོན་ཤུགས་རྒྱས་མ་ཐུབ་ཚེ་རྒོལ་ལན་གྱི་བསམ་པ་རང་ཤུགས་ཀྱི་ཆག་པ་དང་སྤོབས་སེམས་རང་ཤུགས་ཀྱི་མེད་པར་གསལ་པོ་མཐོང་ཐུབ།
བཅའ་ཁྲིམས་དངོས་ལ་དཔྱད་པ།
བཅའ་ཁྲིམས་དོན་ཚན་དྲུག་པའི་ནང་འཁོད་པ་ལྟར་ན། (མི་རིགས་རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་རིགས་གནས་འཛུགས་སྤེལ་གྱི་བྱ་གཞག་གོང་དུ་ཇེ་མགྱོགས་སུ་སྤེལ་བའི་དབང་ཆ་ཡོད) ཞེས་འཁོད་ཡོད། འོ་ན་དཔལ་འབྱོར་ཡར་རྒྱས་གཏོང་བ་ལ་ཚོང་ལས་དང་སོ་ནམ་ཞིང་ལས། འབྲོག་ལས་ཐོན་ཁུངས་སོགས་ཡར་རྒྱས་གཏོང་དགོས་པ་མ་ཡིན་ནམ། བོད་ཀྱི་ཚོང་ལས་ལ་མཚོན་ན། བོད་རིགས་ཚོང་པ་རྣམས་ཀྱི་ཚོང་རྫས་མཁོ་སྒྲུག་བྱེད་སའི་ས་ཁུལ་ནི་རྒྱ་ནག་དང་བོད་ནང་ཁུལ་གྱི་དབུས་གཙང་དང་མདོ་སྨད་ཁམས་ཀྱི་ས་ཁུལ་ཁག་ཏུ་ཡིན་ལགས། དེེང་གི་དུས་འདིར་བོད་མི་རྣམས་རང་རང་གི་ས་ཁུལ་ལ་སྡོད་པ་མ་གཏོགས་མདོ་སྟོད་སྨད་དང་དབུས་གཙང་གྱི་ས་ཁུལ་སོགས་ཕན་ཚུན་འགྲོ་འོང་ལ་བཀག་རྒྱ་ཧ་ཅང་དམ་པས་ཚོང་ལས་ཀྱི་ཡོང་འབབ་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད། འབྲོག་ལས་ལ་མཚོན་ན། དེང་སང་བོད་ཀྱི་འབྲོག་ལས་ས་ཁུལ་གྱི་རྩྭ་ཐང་རྣམས་ལྕགས་ཀྱི་རྭ་བས་བསྐོར་བ་དང་འབྲོག་པ་རྣམས་ལ་ཁང་པ་བརྒྱབས་ནས་ས་ཁུལ་གཅིག་ལ་བསྡུ་བ་དང་ལས་འགུལ་འདྲ་མིན་སྤེལ་བ་སོགས་བརྟེན་ནས་འབྲོག་ལས་ཐོན་ཁུངས་ལ་གནོད་ཚབས་ཆེན་པོ་ཐེབས་ཡོད། ཞིང་ལས་ས་ཁུལ་ལ་མཚོན་ན། སྔར་ཞིང་ཁ་ཡིན་པའི་ས་ཆ་དེ་དག་རྩྭ་ཐང་གྱི་ངོ་བོར་བསྒྱུར་བ་དང་ལྕང་ཤིང་དང་ཚེར་མ་འཛུགས་པ་སོགས་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་ནས་ཞིང་ལས་ཐོན་ཁུངས་ལ་གནོད་ཚབས་ཆེན་པོ་བཟོས་པ་རྣམས་དཔལ་འབྱོར་ཡར་རྒྱས་ལ་ཕན་ནམ། གཉིས་པ།( རིག་གནས་འཛུགས་སྤེལ་གྱི་བྱ་གཞག་ཇེ་མགྱོགས་སུ་སྤེལ་དགོས།) ཞེས་འཁོད་ཡོད།
འོ་ན་བོད་ཀྱི་རིག་གནས་ལ། ཐུན་མོང་བའི་རིག་གནས་དང་། ཐུན་མོང་མ་ཡིན་པའི་རིག་གནས་གཉིས་ལས། ཐུན་མོང་བའི་རིག་གནས། རིག་པའི་གནས་ལྔ་དར་སྤེལ་བྱེད་པ་ལ་སྐད་དང་ཡི་གེ་རྒྱུན་འཛིན་བྱེད་སའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཤིང་། སྐད་རིགས་ནི་མི་རིགས་རང་རང་གི་རིགས་གནས་འཕེལ་རྒྱས་གཏོང་བའི་རྨང་གཞི་ཡིན་ཡང་། གུང་ཁྲན་གྱི་སྣེ་ཁྲིད་པ་དག་གི་སྐད་རིགས་ཀྱི་རྨང་གཞིར་གྱུར་པའི་བོད་ཀྱི་སློབ་གྲྭའི་སློབ་དེབ་ཁག་རྣམས་རྒྱ་ཡིག་ཐོག་སྒྱུར་དགོས་རྒྱུའི་སྐུལ་མ་བྱེད་པ་དང་ལག་བསྟར་བྱེད་རྒྱུའི་བཅའ་ཁྲིམས་གཏན་ལ་ཕབ་པ་དེ་དག་བོད་ཀྱི་རིག་གནས་འཕེལ་རྒྱས་གཏོང་བའི་བྱ་ཐབས་ཤིག་ཡིན་ནམ། གཉིས་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ནིའཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གཞིར་གྱུར་པའི་ནང་པ་སངས་རྒྱས་པའི་ཆོས་དེ་ཡིན་ལགས། རིག་གནས་དེ་ཡར་རྒྱས་དར་སྤེལ་བྱེད་པ་ལ་ཕྱིའི་དངོས་པོ་དགོན་པ་འཛུགས་སྐྲུན་བྱེད་པའི་དཔལ་འབྱོར་མཐུན་རྐྱེན་གྱི་དགོས་མཁོ་བསྐྲུན་དགོས་པ་དང་། དགོན་སྡེ་དེ་དག་གི་ནང་དུ་སློབ་གཉེར་ཚུལ་བཞིན་དུ་བྱེད་པའི་གྲྭ་བཙུན་རྣམས་ལ་མཐུན་འབྱོར་རོགས་རམ་གང་ཐུབ་གནང་དགོས་པ་ཡིན་ཀྱང་། གུང་ཁྲན་གྱི་སྣེ་ཁྲིད་པ་དག་གིས་ཆོས་ལུགས་ནི་རྨོངས་དད་ཅན་གྱི་མང་ཚོགས་རྣམས་མགོ་བསྐོར་སླུ་བྲིད་བྱེད་པའི་ལག་ཆ་ལྟ་བུ་ཞིག་ལ་ངོས་འཛིན་པ་མ་ཚད། ད་དུང་ཆོས་ལུགས་ནི་མི་རིགས་འཕེལ་རྒྱས་དང་དཔལ་འབྱོར་ཡར་རྒྱས་ལ་འགོག་རྐྱེན་བྱེད་པའི་རྨོངས་དད་ཅན་གྱི་ཆོས་ལུགས་ཤིག་ཡིན་སྐོར་བསྒྲགས་གཏམ་སྤེལ་དང་སྤེལ་བཞིན་དེ་དག་ནང་དོན་རིག་གནས་འཕེལ་རྒྱས་གཏོང་བའི་བྱ་ཐབས་ཤིག་རེད་དམ། ད་དུང་ནང་ཆོས་ལ་སློབ་གཉེར་བྱེད་འདོད་ཡོད་པའི་མི་སྣ་རྣམས་ལ་ལོ་ཚད་ཀྱི་བཀག་རྒྱ་བྱས་དང་བྱེད་མུས་ཡིན་པ་ཀུན་གྱིས་མཐོང་གསལ་དུ་གྱུར་ཡོད། བཅའ་ཁྲིམས་དོན་ཚན་ཞེ་ལྔ་པ་ནང་འཁོད་པ་བལྟས་ན། (མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འཚོ་བའི་ཁོར་ཡུག་དང་སྐྱེ་དངོས་ཆགས་ཚུལ་སྲུང་སྐྱོབ་དང་ལེགས་བཅོས་བྱ་རྒྱུ་དང་། སྦགས་བཙོག་དང་སྤྱི་པའི་གནོད་རྐྱེན་གཞན་དག་འགོག་སེལ་བྱས་ནས་མི་འབོར་དང་།
ཐོན་ཁུངས་ཁོར་ཡུག་བཅས་མཐུན་འབྱོར་ངང་གོང་དུ་འཕེལ་ཐུབ་པ་བྱ་རྒྱུ།) ཞེས་འཁོད་ཡོད། དེང་གི་དུས་འདིར་འཛམ་གླིང་ཤེས་ལྡན་མི་སྣ་ཀུན་གྱི་ཁོར་ཡུག་སྲུང་སྐྱོབ་ཞེས་པ་ཡུལ་ལུང་དེ་དག་གི་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེག་རྡུལ་རྫས་མེ་བསྲེགས། ཁོར་ཡུག་སྦགས་བཙོག་སོགས་ནི་ཁོར་ཡུག་གཙང་མ་མེད་པའི་ཡུལ་ཞིག་ལ་ངོས་འཛིན་བཞིན་ཡོད། གལ་ཏེ་གུང་ཁྲན་གྱིས་ང་ཚོ་བོད་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་ན་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེག རྡུལ་རྫས་མེར་བསྲེགས་སོགས་ཀྱི་ལས་འགུལ་དེ་དག་སྤངས་དགོས་ཀྱང་། ཁོང་ཚོ་ནི་དེ་ལས་ལྡོག་སྟེ་བོད་ས་ཡོངས་སུ་ཤིང་ནགས་གཅོད་བྲེག་དང་གཏེར་ཁ་སྔོག་འདོན་བྱས་པ་མ་ཟད་ལྷག་པར་དུ་དེང་གི་དུས་འདིར། རྒྱལ་ཐང་དང་བདེ་ཆེན་ས་ཁུལ་སོགས་ས་ཁུལ་མང་དག་ཅིག་ལ་ལྕགས་རྡོ་དང་ཟངས་རྡོ་སྔོག་འདོན་བྱས་ཏེ་རི་བོ་མང་དག་ཅིག་རྩ་གཏོར་ཕྱིན་པ་འཛམ་གླིང་མི་མང་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད་པ་མ་ཟད། ད་དུང་ཡར་ཀླུངས་གཙང་པོར་ཆུ་རགས་རྒྱག་རྒྱུའི་འཆར་འགོད་བྱས་ཟིན་པ་དང་། ཡུལ་ལུང་མང་དག་ཅིག་ལ་ཆུ་རགས་བརྒྱབ་དང་རྒྱག་བཞིན་ཡོད་པས། ཁྱིམ་མཚེས་རྒྱལ་ཁབ་གཞན་གྱི་ཡུལ་གྲུ་མང་དག་ཅིག་ལ་གནོད་ཚབས་ཆེ་བའི་ལས་འགུལ་སྤེལ་གཞིན་ཡོད་པ་དང་། བོད་ཀྱི་ས་ཁུལ་མང་པོར་ཆུ་རགས་ཀྱི་རྐྱེན་པས་སྡེ་ཁག་གཞན་ལ་སྤོ་དགོས་བྱས་པ་སོགས་དཀའ་ངལ་རབས་དང་རིམ་པ་བྱུང་བ་མཐོང་ཆོས་སུ་མཆིས་ལགས། འོ་ན་གོང་གི་ལག་བསྟར་བྱེད་ཕྱོགས་དེ་དག་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་ཞེ་ལྔ་པའི་དགོངས་དོན་དང་མཐུན་ནམ། རྒྱུ་མཚན་དེ་དག་ལ་བརྟེན་ནས་གྲངས་ཉུང་མི་རིགས་ལ་བཅའ་བའི་ཁྲིམས་དེ་ཕྱི་མཛེས་ནང་སྟོང་གི་ཁྲིམས་ཤིག་རེད་ཅེས་སྨྲ་དོན་ཡང་ཁ་བཤད་ལག་བསྟར་མི་ཐུབ་པའི་གནད་དོན་འདི་ལ་བརྟེན་ནས་སྨྲས་པ་ཡིན་ནོ།།
གཤམ་དུ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ནང་ལ་དཔལ་འབྱོར་ཡ་རྒྱས་དང་ཆོས་ལུགས་དར་སྤེལ། དགོན་སྡེ་འཛུགས་
སྐྲུན། མི་རིགས་སོ་སོའི་རིག་གཞུང་དང་སྐད་ཡིག་རྒྱུན་འཛིན། ཁོར་ཡུག་སྲུང་སྐྱོབ་སོགས་དོན་ཚན་རེ་རེ་ནས་འཁོད་
འདུག་ཀྱང་དེ་དག་ལ་ལན་འདེབས་གོང་དུ་ཟིན་པས་བསྐྱར་དུ་ལན་འདེབས་མི་དགོས་སོ།།
༢༠༡༣/༣/༣/ཉིན། རྒྱ་ཐར་གྱིས།