༄། རང་དབང་དང་རང་བཙན། །

སྐུ་སྒེར་རྔོན་པ་གཡོ་སྒྱུས་རྙི་མཐོང་ནས།།

རྒྱ་རིགས་གཅན་གཟན་དོགས་འདྲོགས་སེམས་ཁྲལ་ཡང་།།

དབུ་ལམ་ཤ་རུལ་སྐྱག་ཁུའི་དྲི་ཚོར་ནས།།

དམར་གཞུང་སྔོན་ནས་བསྐྱུགས་པས་ཁོག་པ་ལོག །

དམངས་གཙོའི་ཀ་ཆག་ཁྲམ་པ་གསུམ་འཛོམས་ཤིག།

སྒེར་གཅོད་གྲུ་གསུམ་སྟ་གྲིས་འཕྲུལ་འཁོར་ནས།།

གཅིག་གཅོད་ལེབ་མོའི་མཚོན་ཁ་རྣོན་པོ་དེ།།

རང་རིགས་སྤུན་ཟླའི་སྲོག་གི་གཤེད་དུ་ལང་།།

རང་དབང་རང་བདག་རང་ཆས་ལ་སོགས་ཀུན།།

རང་ཡུལ་བོད་ཀྱི་ཐ་སྙད་སོར་བཞག་དང་།།

རང་བཙན་ཕྱི་བཞུགས་བོད་མིའི་ཐ་སྙད་དེ།།

ཐམས་ཅད་དོན་གཅིག་མིང་གི་རྣམ་གྲངས་ཡིན།།

དབྱིན་ཚིག་རང་བཙན་རང་དབང་ཐ་སྙད་ཀྱང་།།

སྤྱོད་སྐབས་འཕྲད་སྦྱར་ཁྱད་ཙམ་མ་གཏོགས་པས།།

དོན་གྱིས་གཞན་ལ་ལྟོས་དགོས་མེད་པ་དང་།།

རང་ཉིད་རང་སྐྱ་ཐུབ་ཕྱིར་གཅིག་ཏུ་མཚུངས།།

རང་རིགས་ནང་ཁུལ་འཇོམས་ལ་སྟག་ལྟར་མཆོངས།།

རང་ཡུལ་འཕྲོགས་པའི་དགྲ་བོར་ཁྱི་བཞིན་རྩེད།།

རང་དབང་རང་བཙན་གོ་རྟོག་འགལ་འདུར་བསྒྲགས།།

རང་ཐག་གཅིག་གཅོད་རྫི་བོས་ཕྱུགས་བཞིན་འདེད།།

དམར་གཞུང་དྲག་པོས་ནང་ནས་གཅོད་གཏུབ་དང་།།

རྡ་གཞུང་འཁྲེགས་པོས་ཕྱི་ནས་བཀག་སྡོམ་གཉིས།།

ཐ་སྙད་དབྱེ་བའི་ཁྱད་པར་ཙམ་ཞིག་ལས།།

ལྟ་བ་སྟ་གྲིའི་སོ་ཁ་གཅིག་ཏུ་གྲུབ།།

བླ་མས་སངས་རྒྱས་གསོན་པོའི་རྔ་བརྡུངས་ཏེ།།

སློབ་མས་དགེ་འདུན་འཕགས་པའི་འབག་གྱོན་ཞིང་།།

བླ་སློབ་ཆོས་ཀྱི་རོལ་མོའི་གར་འཁྲབ་ནས།།

དཀོན་མཆོག་གསུམ་གྱི་ལྟད་མོར་གཟིགས་དང་མཚར།།

ཞེས་དགའ་ལྡན་ཕོ་བྲང་གི་གསལ་བསྒྲགས་ཤིག་མཐོང་རྗེས་ཤར་མར་བྲིས། །