མེ་སོར་ས་གནས་སུ་བོད་མིས་གསུམ་བཅུའི་དུས་དྲན་སྲུང་བརྩི།
ྋགོང་ས་མཆོག་གི་གསུང་འཕྲིན་དང་བཀའ་ཤག་གི་གསུང་བཤད། བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་བཅས་སྒྲོགས་སྦྱང་གྲུབ་རྗེས་སྐུ་མགྲོན་གཙོ་བོ་སྤྱི་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་དུས་དྲན་འབྲེལ་བའི་གསུང་བཤད་གནང་བ་སོགས་ཀྱིས་གསུམ་བཅུའི་དུས་དྲན་བསྲུང་བརྩི་བྱས་ཡོད་པ་རེད། དེ་བཞིན་ཀོ་ལེ་གྷལ་དང་ཧོན་སུར་སོགས་སུ་ཡང་དུས་དྲན་བསྲུང་བརྩི་བྱས་ཡོད་པ་དང། བྷེལ་ཀོབ་དང་ཧོན་སུར། ཀོ་ལེ་གྷལ་བཅས་ཀྱི་ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ། དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག་མེ་སོར་གྲོང་ཁྱེར་དུ་ཞོགས་པའི་ཆུ་ཚོད་བཅུ་པ་ནས་མི་མང་ལྔ་བརྒྱ་ལྷག་བསྡུ་སྐོང་གིས་རྔམ་སྟོན་ཁྲོམ་སྐོར་དང་དགོང་མོར་མར་མེ་ཁྲོམ་སྐོར་བྱས། མེ་སོར་བོད་ཀྱི་སློབ་ཕྲུག་ཚོགས་པས་རྒྱ་གར་དང་ཀར་ན་ཌ་ཀ་ཐུགས་རྗེ་ཆེ་ཞེས་པའི་མཛད་སྒོ་ཞིག་ཀྱང་བྱས་སོང། ལྷོ་ཕྱོགས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་རཱ་རྗའི་ཀོ་བྷར་ཀྱིས་སྣེ་ཁྲིད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་དང་གཞན་མེ་སོར་ས་གནས་འཐུས་མི་ཁག་ཅིག་ཀྱང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སུམ་ཅུ་དུས་དྲན་ལ་མཉམ་ཞུགས་བྱས་ཡོད་པ་རེད། དེ་བཞིན་བྷེང་ལོར་དུ་ཡང་བོད་ཀྱི་མཐོ་རིམ་སློབ་མ་རྣམས་ཀྱི་གོ་སྒྲིག་འོག་སྐད་འབོད་ཁྲོམ་སྐོར་དང་བོད་དོན་བགྲོ་གླེང། པར་རིས་འགྲེམས་སྟོན་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་བོད་རང་བཙན་ཤོར་ནས་ལོ་འཁོར་ལྔ་བཅུ་འཁོར་བར་དུས་དྲན་བྱས་ཡོད་པ་རེད། དུས་དྲན་འདི་དག་གི་ཐོག་སླེབས་པའི་བོད་མི་རྣམས་ནི་ནམ་རྒྱུན་དང་མི་འདྲ་བར་གཞོན་སྐྱེས་གཙོ་བོ་ཡིན་པ་དང་དེ་ཡང་ཚོར་སྣང་དང་རྣམ་འགྱུར་སྔར་ལས་ནན་ཏན་དང་སྤོབས་པ། གདེང་ཚོད་ལྡན་པའི་ཐོག་ལས་འགུལ་ལ་ཞུགས་ཀྱི་ཡོད་པ་རེད། མེ་སོར་གསར་འགོད་པས་བཀྲ་ཤིས་བདེ་ལེགས་ཀྱིས་མེ་སོར་ནས།