བོད་ཀྱི་རྒྱལ་དར་བཀག་འགོག་བྱས་མི་འདུག

2013_4_19

བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་མངོན་པའི་རྒྱ་གར་གྱི་གློག་བརྙན་གྲགས་ཅན་(Rockstar)རོ་ཁུ་སི་ཏྲ་ཞེས་པ་དེ་བཀག་འགོག་ཅི་ཡང་མ་བྱུང་བར། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པའི་རྒྱལ་སྤྱིའི་གློག་བརྙན་གྱི་དུས་སྟོན་མཛད་སྒོར་བསྟན་ཐུབ་ཡོད་པ་རེད།

དེའང་ཟླ་འདིའི་ཕྱི་ཚེས༡༧ ཉིན་རྒྱ་གར་གྱི་The Hindus ཞེས་པའི་ཉིན་རེའི་གསར་ཤོག་སྟེང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཚེས་༡༦ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་བཞིན་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཐོག་མའི་ཉིན། ལྷབ་ལྷུབ་ཏུ་གཡོ་བའི་བོད་ཀྱི་གངས་སེང་གི་རྒྱལ་དར་དང་བོད་རང་དབང་གི་སྦྱར་ཡིག་འཁོད་པའི་འཕྲེད་དར་མངོན་གསལ་དོད་པོས་མཐོང་ཐུབ་པའི་གློག་བརྙན་(Rockstar) གཅོད་བཏུབ་གང་ཡང་མ་བྱས་པར་ཐད་ཀར་སྟོན་ཐུབ་ཡོད་པ་རེད།

2013_4_19གློག་བརྙན་དེ་ནི་རྒྱ་གར་(Bollywood )བྷོ་ལི་ཝི་ཌི་གློག་བརྙན་བཟོ་བསྐྲུན་ཁང་གིས་ཕྱི་ལོ་༢༠༡༡ ལོར་བཏོན་པ་དང་། གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་རན་བྷེར་ག་པུར་གྱིས་འཁྲབ་པ་ཞིག་ཡིན་ཞིང་། དེ་སྔོན་གློག་བརྙན་འཁྲབ་སྟོན་པ་ཁོང་བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷ་རམ་ས་ལར་སླེབས་ཏེ་པར་བརྒྱབ་པ་ཞིག་ཡིན་འདུག ཕྱིས་སུ་རྒྱ་གར་དབུས་གཞུང་གློག་བརྙན་ཞིབ་གཤེར་ཁང་གིས་བོད་ཀྱི་གངས་སེང་གི་རྒྱལ་དར་དང་། བོད་རང་དབང་གི་སྦྱར་ཡིག་སོགས་གཅོད་བཏུབ་དགོས་པའི་རེ་འདུན་བཏོན་ཏེ་(Free Tibet) བོད་རང་དབང་འཁོད་པའི་ཡི་གེ་དག་གློག་བརྙན་དེ་ནས་བསུབ་དགོས་བྱུང་ཡོད་འདུག

ད་ཐེངས་རྒྱལ་ས་པེ་ཅིང་དུ་འཚོགས་པའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་རྒྱལ་དར་དང་བོད་རང་དབང་གི་འཕྲེད་དར་སོགས་མངོན་གསལ་དོད་པོ་ཡོད་པའི་གློག་བརྙན་དེར་བཀག་འགོག་མ་བྱུང་བ་དེ་ནི། རྒྱ་ནག་གི་ཆབ་སྲིད་ལ་གུ་ཡངས་ཀྱི་རྣམ་པ་གསར་པ་ཞིག་མངོན་པའམ་ཡང་ན་གློག་བརྙན་ཞིབ་གཤེར་ཁང་གིས་དོ་སྣང་མ་བྱུང་བ་ཞིག་ཡིན་མིན་ཚོད་དཔག་བྱེད་གཞི་ཞིག་ཆགས་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག