༄༅།།ཞོགས་པའི་སྨོན་འདུན།།
དུས་དེ་རིང་མ་ཤི་སླར་ཡང་གསོན།།
ཁྱོད་ཐུ་མིའི་ཤུལ་བཞག་སླར་ཡང་མཇལ།།
ང་ཁ་བའི་རིགས་བརྒྱུད་དགའ་ཡང་དགའ།།
སང་ཉིན་མ་ཤར་དུས་མཐོང་བར་ཤོག།།
ངས་ཁྱོད་ཀྱི་ཁ་ཆེམས་འཛིན་པར་སྤྲོ།།
ངས་ཁྱོད་ཀྱིུ་ཕུགས་འདུན་སྐྱོང་བར་སྤྲོ།།
ངས་ཕ་སྐད་འཛྀན་པའི་ཉིན་མ་ཞིག།།
དུས་མི་འགྱང་མྱུང་དུ་ཤར་བར་སྨོན།།
ཁྱོད་དྭགས་པའི་ཞིང་ནས་གངས་ཕྲུག་ལ།།
དུས་ཉིན་མཚན་མེད་པར་གཟིགས་་རོགས་ཞུ།།
ངེས་སྲོག་གི་དབང་པོ་མ་དགག་པ།།
དུས་དེ་སྲིད་ཕ་སྐད་འཛིན་པར་ངེས།།
ཕྱི་དགྲ་བོའི་ཚོགས་ཀྱི་ཡང་ཡང་དུ།།
ངེས་རྗེས་འཛྀན་ཚོགས་ལ་རྒོལ་མོད་ཀྱང།།
ངས་ཕ་སྐད་དྭངས་མའི་རྐང་ལམ་ཁྲོད།།
བློ་ཞཱུམ་པ་མེད་པར་འགྲོ་ངེས་སོ།།
ཁྱེད་རྒྱལ་བློན་ཚོགས་ཀྱི་མཛད་རྗེས་ལ།།
ངས་དྭངས་གཙང་སེམས་ནས་གུས་འདུད་ཞུ།།
ངེས་མགོ་ནག་བོད་ཀྱི་ལས་དབང་འདི།།
དུས་ད་ལྟ་སྐྱོ་ཡང་བདེ་བར་སྨོན།།
སེམས་བསམ་པའི་དུངས་གཏམ་ཚིག་འབྲུ་འདི།།
ང་གདོང་དམར་བོད་ཀྱི་རིགས་བརྒྱད་ལས།།
ཁྱེད་རྗེ་བློན་ཚོགས་ལ་ཕུལ་བ་ཡིན།།
ངས་ཕ་སྐད་འཛྀན་པའི་དམ་བཅའ་ཡིན།།
ད་ཞོགས་པའི་ཉིན་མ་འཕྲོ་བ་བཞིན།།
ཁྱོད་མེས་པོའི་ཤུལ་བཞག་རིན་ཆེན་ལས།།
འོད་དཀར་པོ་གོ་ལར་ཁྱབ་པར་ཤོག།།
ངེས་ཁ་བའི་བུ་ཚ་བདེ་བར་ཤོག།།།།།ཅེས་པ་འདི་ནི་སྤྱི་ལོ་༢༠༡༣ཟླ་བ་༤ཚེས་༢༢ཉིན་ཞོགས་པ་གཉིད་ལས་སད་པ་དང་མེས་པོའི་སྐུ་དྲིན་རྗེས་དྲན་དུ་བྲི་པའོ།།
