མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་དུ་བསྒྱུར་བ།
ཧྥ་རན་སིའི་གྲོས་ཚོགས་ནས་མཚན་མཐུན་གཉེན་སྒྲིག་གི་ཁྲིམས་དོན་གྲོས་གཞི་ཞིག་གཏན་འབེབས་བྱས་ཏེ། ཧྥ་རན་སི་འཛམ་གླིང་ཐོག་གི་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་གྱི་རྒྱལ་ཁབ་ཨང་༡༤ པ་དེ་ཆགས་རྒྱུ་ཡིན་པ་དང་། དེར་ངོ་རྒོལ་བྱེད་མཁན་ཚོས་མུ་མཐུད་དུ་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་ཡོད་པ་རེད།
དེའང་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༢ ཉིན་ཧྥ་རན་སིའི་གྲོས་ཚོགས་ནས་མཚན་མཐུན་གཉེན་སྒྲིག་གི་ཁྲིམས་དོན་གྲོས་གཞི་ཞིག་བཏོན་ཡོད་འདུག་པ་དང་། ཧྥ་རན་སིའི་སྲིད་འཛིན་ཧོལ་ལིན་ཌི་(Francois Hollande)ཡིས་གྲོས་ཆོད་དེར་མཚན་རྟགས་འགོད་རྒྱུའི་ཁས་ལེན་བྱས་ཡོད་པ་རེད། ཧྥ་རན་སིའི་ཁྲིམས་འཛིན་ལས་ཁུངས་ཀྱི་བློན་ཆེན་ལྕམ་རཱ་ཆི་རྡ་ཐི་(Rachida Dati)་ཡིས། གྲོས་ཆོད་འདིས་མི་སུ་ཞིག་གི་ཐོབ་ཐང་བཙན་འཕྲོག་བྱས་པ་མིན་པར་དེ་ལས་ལྡོག་སྟེ་མི་སྐོར་ཞིག་ལ་ཁྲིམས་ཐོག་ནས་ཐོབ་ཐང་དང་དབང་ཆ་སྤྲད་པ་རེད་ཅེས་དང་། ཐོག་མར་མཚན་མཐུན་གཉེན་སྒྲིག་གི་དགའ་སྟོན་བཤམས་མཁན་རྣམས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་གསུངས་འདུག
དེ་བཞིན་མཚན་མཐུན་གཉེན་སྒྲིག་ལ་ངོ་རྒོལ་བྱེད་མཁན་ཡང་མི་ཉུང་བ་ཞིག་བྱུང་བཞིན་ཡོད་འདུག་པ་དང་། རེས་གཟའ་མིག་དམར་ཉིན་གྱི་དགོང་མོར། གྲོས་གཞི་གྲོས་ཆོད་གསར་པ་དེར་ངོ་རྒོལ་བ་རྣམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། མཇུག་མཐར་ངོ་རྒོལ་གྱི་ལས་འགུལ་དེ་དྲག་སྤྱོད་གྱི་ངོ་བོར་གྱུར་ཏེ་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་འཁྲུག་འཛིང་ཤོར་ཡོད་ཅིང་། ངོ་རྒོལ་ཁྲོམ་སྐོར་བས་ཉེན་རྟོག་པའི་ཕྱོགས་སུ་ལྕགས་རྒྱུག་དང་ཤེལ་དམ་སྟོང་པ་སོགས་གཡུགས་པ་དང་། ཉེན་རྟོག་པས་ངོ་རྒོལ་བའི་ཁྲོད་དུ་མཆི་འབྱིན་འབར་འདེལ་འཕེན་དགོས་བྱུང་ཡོད་འདུག
མིག་སྔར་འཛམ་གླིང་ཁྱོན་ཡོངས་སུ་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་ཅན་ཡིན་པའི་རྒྱལ་ཁབ་ཁག་ནི། ཧོ་ལེན་ཌི། བྷེལ་རྗམ། སུ་པེན། ཁ་ན་ཌ། ལྷོ་ཨ་ཧྥི་རི་ཀ ནོར་ཝེ། སི་ཝི་ཌན། པོར་ཆུ་གྷལ། ཨ་ཡེ་སི་ལེན་ཌི། ཨར་རྗན་ཊི་ན། ཌེན་མཀ ཨུ་རུ་གྷོ་ཡེ། ནེའུ་རྫི་ལེན་ཌི། ཧྥ་རན་སི་བཅས་ཡིན་པ་རེད།