དྲན།
མུན་ནག་གི་ཉིན་དེར།
ཁྱེད་ང་ཚོ་དང་གཏན་བྲལ་སོང།
ཟླ་བ་མེད་པའི་མཚན་མོ་འཇིགས་སུ་རུང་།
སྐར་ཚོགས་ཡང་གྲང་ཤུར་ཤུར་གྱི་ནམ་མཁར་ལུས་འདུག།
ཉི་ཟླ་སྐར་གསུམ།
ཉིན་མཚན་གཉིས་སུ་གྱེས།
སེམས་རྩ་འཁྱག་ལ་འབྱར་ཞིང་།
ཁ་བའི་ལྗོངས་ཀྱི་རྒྱབ་བརྟེན་བོར་ཟིན་པས།
དད་ལྡན་ཚོའི་རེ་བའི་མིག་ཟུང་ཀེམ་ཀེམ་གཡོས།།
ས་མཐོའི་ཡུལ་དང་།
ཁ་བའི་ཡུལ་ལྗོངས་འདིའི།
གངས་ཅན་སྤུན་ཟླར་དུང་དྲག་པ་ཡིན་ནམ།
སླར་ཉི་མའི་མཚན་གྱིས་རྒྱན་ཏེ་གླིང་འདིར་ཕེབས་ཀྱང་།
ཁྱེད་ཞུགས་ས་བཙོན་ར་ཡིན་དགོས་པའི་རྒྱུ་མཚན་ཅི་ཞིག་རེད།།
རྨི་ལམ་གྱི་ཞིང་།
ཁྱེད་དྲན་ཆོག་པའི་ཡུལ་ཁོ་ནའོ།
རེ་བ་དང་སེམས་ངལ་ལ་རྫོགས་མཐའ་མེད།
སྨག་གིས་ཟིན་པའི་མཚན་ལྗོངས་སུ།
སྙིང་པོ་སྟོང་ཟིན་པའི་སྐྱོ་གར་ལས་ལྷག་མི་འདུག
ཟླ་བ་ལགས།
ང་ཚོར་འབོད་སྒྲ་མེད།
བཙན་པོའི་འཇིགས་བསྐུལ་འོག
དྲན་གདུང་གི་སྙིང་གསོན་པོ་རྣམས།
ཐལ་རྡུལ་གྱི་དུད་སར་བརྫངས་བྱུང་།།
ཉི་ཟླ་སྐར་གསུམ།
མཁའ་དབྱིངས་དང་རིང་སར་གྱེས་ཟིན།
གཡོ་ཁྲམ་ཅནཚོས།
ཚེ་སྲོག་བྲན་དུ་བཀོལ་རྒྱུར་བྱང་བ་དེ།
གདུབ་རྩུབ་ཀྱི་འུར་སྒྲོག་ཙམ་རེད།
ཀྱེ་ཧུད། ཁྱེད་ཀྱིས་ཀྱང་བེན་རོ་ཁྱུ་ཚོགས་ལ་སྙིང་རྗེ་རེ་སྐྱེས་ཨེ་མྱོང་།།།
༢༠༡༣ ལོའི་ཟླ་ ༤ ཚཻས་ ༢༥ ཉིན་ཏེ་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་རྗེས་དྲན་དུ་བྲིས།