ཚིག་འདི་ནམ་ཡང་རྒྱང་ཕུད་དུ་མ་གཏང་རོགས།
བོད་ཀྱི་བང་ཆེན་གྱི་ཆེད་དུ་བརྗོད་པའི་གཏམ་བཀླགས་རྗེས་སུ་བྲིས།
བདག་གི་མི་ཉན་པའི་རེ་བ་དང་མི་འོས་པའི་སྐད་ཆ་འདི་ཉིད
ཤི་གསོན་གཉིས་ཀྱི་རེ་སྨོན་ཀྱིས་བཅངས་པའི་རྨི་ལམ་སྟེ
དཀའ་སྡུག་གི་རྔུལ་ཆུ་ལས་གྲུབ་པའི་འབྲས་བུ་ཡིན་པས
ཚིག་འདི་ནམ་ཡང་རྒྱང་ཕུད་དུ་མ་གཏང་རོགས།
དངོས་བྱུང་ལོ་རྒྱུས་ཀྱིས་བསྐྲུན་པའི་ཕ་མེས་ཀྱི་རེ་བ་འདི་ཉིད
གསེར་ནག་གི་ཕ་བོང་ལས་གྲུབ་པའི་ནོར་བུ་སྟེ
ལྗང་འདོག་གི་འཇིག་རྟེན་གྱིས་བསྐྲུན་པའི་ས་བོན་ཡིན་པས
ཚིག་འདི་ནམ་ཡང་རྒྱང་ཕུད་དུ་མ་གཏང་རོགས
མེ་ལྕེའི་འོད་ཞགས་ལས་ཐོས་པའི་ལྷང་ལྷང་གི་འབོད་སྒྲ་འདི་ཉིད
ཚེ་སྲོག་གི་མཆོད་མེ་ལས་མཆེད་པའི་རེ་འདུན་གྱི་དཔའ་སྐད་དམ
ཕ་ཤུལ་བས་འཛིན་གྱི་མི་རབས་ལ་བཞག་པའི་ཞལ་ཆེམས་ཡིན་པས
ཚིག་འདི་ནམ་ཡང་རྒྱང་ཕུད་དུ་མ་གཏང་རོགས།
ཆོས་ཉིད་དང་རྟེན་འབྲེལ་གྱིས་གནང་བའི་དེ་རིང་གི་ཐོབ་སྐལ་འདི་ཉིད
ཁྱོད་ཤི་ང་གསོན་གྱི་གཡུལ་ས་ནས་བླངས་པའི་ཁྱོད་ཀྱི་ཚེ་སྲོག་གམ
དགྲ་བོ་ཞིག་གི་སྙིང་ཁམས་ལ་གཟན་པའི་གཤེད་མ་ཡིན་པས
ཚིག་འདི་ནམ་ཡང་རྒྱང་ཕུད་དུ་མ་གཏང་རོགས།
འདས་སོང་ས་ཡ་གཉིས་ཀྱི་རྣམ་ཤེས་ལ་བསྟར་བའི་ངུ་སྐད་འདི་ཉིད
རྒྱུན་འཛིན་ས་ཡ་དྲུག་གི་དཔྱོད་ཤེས་ལ་མཁོ་བའི་དྲན་གསོ་སྟེ
ཕ་གཞིས་གསར་བའི་ཁྱིམ་རྒྱུད་ལ་འདོགས་པའི་སྒོ་བྱང་ཡིན་པས
ཚིག་འདི་ནམ་ཡང་རྒྱང་ཕུད་དུ་མ་གཏང་རོགས།
མནར་གཅོད་ཀྱི་གོ་རིམ་ཁྲོད་ནས་འདོར་མ་མྱོང་བའི་དམ་བཅའ་འདི་ཉིད
ཐུན་གསུམ་རྨི་ལམ་ཚུན་ཆད་ནས་བརྗེད་མ་མྱོང་བའི་རེ་བ་ཉག་ཅིག་སྟེ
མཁར་རྫོང་གི་གྱང་ཁ་ནས་ལུས་པའི་གནའ་ཤུལ་གྱི་གཞི་མ་ཡིན་པས
ཚིག་འདི་ནམ་ཡང་རྒྱང་ཕུད་དུ་མ་གཏང་རོགས།
༢༠༡༣་༤་༢༥་ལ་བྲིས།