གྲོགས་བཟང་ལ་བསྟོད་པ།

བློ་བཟང་རྒྱལ་བའི་མཚན་འཛིན་མཁྱེན་ལྡན་མ། །

བདག་གི་་གྲོགས་སུ་ཕེབས་པར་སྙིང་ནས་གུས། །

བྱང་ཕྱོགས་ཁ་བའི་ཁྱད་ནོར་རིག་པའི་གནས། །

ཁོང་དུ་ཆུབ་པའི་གྲོགས་བཟང་ཁྱེད་འདྲ་དཀོན། །

དེའི་ཕྱིར་ཁྱེད་ཉིད་བདག་གི་སེམས་ཁོངས་ནས། །

ནམ་ཡང་མི་འདོར་ཡིད་མཐུན་སྙིང་གི་གྲོགས། །

སླར་ཡང་བདག་ཉིད་རྨོངས་པའི་འཆིང་རྒྱ་ལས། །

གྲོལ་ཕྱིར་ལམ་སྟོན་འཛད་མེད་སྙིང་ནས་རེ། །

 

ཆེས་སྙིགས་ལྔ་བརྒྱའི་དུས་ཀྱི་མ་མཐའ་འདིར། །

རང་གཞན་ཕྱོགས་རིས་རླུང་ཤུགས་དྲག་པོའི་ཁྲོད། །

ཕན་སེམས་ལྡན་པའི་མཛའ་གྲོགས་དཀོན་ན་ཡང་། །

ཁྱེད་ནི་བདག་གི་མུན་སེལ་སྒྲོན་མེ་དངོས། །

 

ཨེ་མ་སླར་ཡང་གསོན་དང་རིགས་བཟང་མ། །

དཀོན་མཆོག་རིན་ཆེན་གསུམ་གྱིས་སྐྱབས་འོག་ནས། །

ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར། །

དེ་སྲིད་ཁྱེད་དང་འབྲལ་མེད་རྟག་ཏུ་སྨོན། །

 

ཚེ་འདིར་སྡོམས་ཁྲིམས་ལྕི་མོའི་དབང་འོག་ནས། །

ཁྱེད་དང་འགྲོགས་པའི་ལམ་བུ་དཀའ་ན་ཡང་། །

ཕྱི་མ་དག་པ་མཁའ་སྤྱོད་གནས་མཆོག་ནས། །

སྐད་གཅིག་ཙམ་ཡང་མི་འབྲལ་སྨོན་ལམ་འདེབས། །

 

རྣམ་གསུམ་ངུར་སྨིག་གོས་བཟང་འཆང་བཞིན་དུ། །

ཐལ་སོང་མ་སྙམ་ན་མཉམ་གྲོགས་ཀྱི་ཚོགས། །

སེམས་ཚོར་ཕྱིར་རུ་མངོན་འདོད་ཆེ་དྲག་ནས། །

བག་ཡོད་ཚུལ་མཐུན་བག་ཆགས་ཙམ་དུ་ཐལ། །

 

བདག་གི་སྙིང་ནས་དུང་བས་གྲོགས་བཟང་ལ། །

སེམས་ཚོར་དམར་རྗེན་མངོན་པའི་སྙན་ཚིག་འདི། །

འགོག་མེད་རླུང་ཤུགས་ལྟ་བུ་བཞུད་ནས་ཐལ། །

མི་འདོད་ཁ་བརྡུང་ཐོག་ལྟར་འབབ་ཀྱང་ཆོག །