ནང་གི་དགྲ་བོ།

མི་ཤེས་རྨོངས་པའི་མུན་པ་ཀུན་ནས་འཐུལ། །
མི་རུང་ངན་རྒུ་གོམས་པའི་ལོག་སྤྱོད་མཁན། །
མི་གཞི་ས་ལ་ཟགས་པ་མི་ཤེས་པར། །
མི་སྔོན་ལོག་པར་བཤད་འདིར་ཀྱེ་མ་ཧོ། །

རང་གཤིས་དྲི་གཙང་ལྷ་ཡི་ཁང་བཟང་འཛིན། །
གཞན་གཤིས་མི་གཙང་སྐྱག་དོང་བཞིན་དུ་འཛིན། །
མཐོ་ལ་ཕྲོག་དོག་འདྲ་མཉམ་འཁོན་དུ་འཛིན། །
དམན་ལ་མཐོང་ཆུང་གསར་འགྲོགས་གཙིས་སུ་འཛིན། །

མི་ངན་གང་གནས་གཏམ་ངན་རྫོགས་མཐའ་མེད། །
མི་བཟང་གང་གནས་ལེགས་བཤད་རྫོགས་མཐའ་མེད། །
མི་བུ་ཀུན་གྱི་ཐལ་ཤལ་རང་མཐོང་ཅན། །
མི་རིགས་འདི་ལ་ཡོད་པར་རྒུད་པའི་རྒྱུར། །

རང་གི་ངོ་གདོང་ཙམ་ཡང་མི་མངོན་པར། །
རང་རིགས་ལ་རྒྱལ་འཛིན་ཁུལ་ཁྲམ་རྒན་འདིས། །
རང་རིགས་ཕུངས་ལ་སྦྱར་འདོད་བསམ་སྦྱོར་ལས། །
རང་གི་རིགས་ལ་ལྷག་བསམ་ཉིན་སྐར་ཟླ། །

ལེགས་བཤད་གང་ཡིན་ཉེས་བཤད་གནས་སུ་བསྒྱུར། །
ཉེས་བཤད་གང་ཡིན་ལེགས་བཤད་ཡིན་ཞེས་འགྲེལ། །
སྔོན་ཚེ་སྨོན་ལམ་ལོག་པའི་དམ་སྲི་སམ། །
གདོན་བགེགས་འབྱུང་པོ་ཁྱོད་ལས་སུ་ཞིག་ཡོད་། །

མདོར་ན་དངོས་ཤུགས་རྒྱུད་གསུམ་ཐམ་ཅད་དུ། །
རང་རིགས་སྡང་སེམས་བཅངས་ཏེ་ཁ་གཡང་འོག །
མི་རིགས་བདེ་སྡུག་དར་ཆ་ཁར་འཁྱེར་སྟེ། །
ནང་ཁུལ་དཀྲུགས་འདོད་བསམ་ངན་སེམས་ཁོང་བཅུག །

རིགས་རུས་གཅིག་ལས་སྐྱེས་ཀྱང་རིགས་ཞེན་མེད། །
འདས་དོན་ལོ་རྒྱུས་གཅིག་རུང་དཔྱོད་ཤེས་མེད། །
ད་ལྟའི་གནས་བབ་གཅིག་རུང་བསམ་ཤེས་མེད། །
མ་འོངས་ལམ་བུ་གཅིག་རུང་ཕུག་བསམ་མེད། །

མེད་པ་མཐའ་དག་འཛོམས་པའི་མི་བུ་དག །
ས་ཕྱོགས་ཡུལ་གྲུལ་རིགས་རུས་གང་ཡིན་ཀྱང་། །
སྔོན་ཐོན་སྟོང་གི་བཀག་རྡོ་དངོས་ཡིན་པས། །
རིགས་མཐུན་གྲོགས་ཚོས་རྟག་ཏུ་བག་ཡོད་བྱོས། །