སྡུག་སྐད་ངོ་མ་ཞིག

གསེར་མདོག་ཉི་མ་གཞོན་ནུས། །
བསིལ་རླུང་གྲང་ངར་ཟློག་རུང་། །
སྐྱབས་མེད་ཁ་བའི་བུ་ང་། །
སེམས་པ་ཆུ་ལས་འཁྱགས་སོང་། །

དུང་མདོག་ཟླ་བ་དཀར་པོས། །
མཚན་མོའི་སྨག་རུམ་སེལ་རུང་། །
མགོན་མེད་ཁ་བའི་བུ་ང་། །
མདུན་ལམ་མུན་པས་བསྒྲིབས་སོང་། །

མཛེས་པའི་རྒྱུ་སྐར་ཁྲ་མོ། །
མཁའ་དབྱིངས་རྒྱན་དུ་མཛེས་ཀྱང་། །
གྲོགས་མེད་ཁ་བའི་བུ་ང་། །
འབྱོར་མེད་ལག་སྟོང་གྱུར་སོང་། །

ས་མཐར་སྐོར་བའི་ཨ་ཇོ། །
སེམས་ནས་འབོར་ཐབས་མི་འདུག །
ཞེ་ལ་གཟན་པའི་དགྲ་བོར། །
ནམ་ཡང་འདུད་འདོད་མི་འདུག །

སྙིང་ནས་གཅེས་པའི་བུ་ཆུང་། །
ཉེས་མེད་བཙོན་རར་བཅུགས་སོང་།།
དངོས་བྱུང་ལོ་རྒྱུས་སྐྱུར་མོ། །
སྙིང་ནས་བཟོད་ཐབས་མི་འདུག །

ཕ་བསད་དགྲ་བོའི་གདུག་རྩུབ། །
ཡིད་ལ་ལན་རེ་འཁོར་དུས། །
མདུང་མོ་སྟོང་གི་སོ་ཁ། །
སྙིང་ལ་བསྣུན་དང་འདྲ་བ། །

དཀོན་མཆོག་རིན་ཆེན་གསུམ་པོ། །
དཀར་མིན་ལས་ཀྱིས་མནར་བའི། །
ཆོས་ལྡན་ཁ་བའི་ལྗོངས་སུ། །
ཡེ་ཤེས་སྤྱན་གྱིས་གཟིགས་མཛོད། །

ཕ་མེས་དུས་ནས་ད་བར། །
གཏང་རག་མཆོད་བསྟོད་ཕུལ་ཡུལ། །
ཆོས་སྲུང་ཡེ་ཤེས་སྤྱན་ལྡན། །
མཐུ་རྩལ་མེད་པ་ཨེ་ཡིན། །
ཚོར་སྣང་བན་བུན་ཞིག་གིས་དྲངས་ཏེ་༢༠༡༣/༤/༧ཉིན་ཤར་མར་བྲིས་པའོ། །