སྟོན་པའི་འཁྲུང་སྐར་དང་འབྲེལ་བའི་འབོད་སྐུལ་གལ་ཆེན།

་འཁྲུང་སྐར་བདེ་ལེགས།

(བརྗོད་ཚིག་འདི་འོག་ཏུ་ཡང་མང་ཙམ་སྤྱད་ཡོད་ལ། འདི་ནས་ཕྲན་གྱིས་གནས་སྐབས་བེད་སྤྱད་པ་ཙམ་ཡིན་པས་འདི་ལས་ཀྱང་འོས་ཤིང་འཚམས་ཚིག་ཡོད་ན་དེ་བཞིན་གནང་རྒྱུ)

བོད་ཟླ་བཞི་པའམ། ས་ག་ཟླ་བའི་ཚེས་བདུན་སྟེ། ཟླ་འདིའི་ཕྱི་ཚེས་བཅུ་བདུན་ནི་ཡོངས་གྲགས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཉིད་སྐུ་བལྟམས་པའི་དུས་ཆེན་རེད། ང་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་དུས་དྲན་འདི་བསྲུང་བརྩི་ཞུ་རྒྱུ་གལ་ཆེན་པོ་ཡིན།

maya_devi_and_buddhas_birth_te45སངས་རྒྱས་ཀྱི་འཁྲུང་སྐར་གྱི་ཉིན་མོ་འདི་ནི་སྤྱིའི་ཆ་ནས་འཛམ་གླིང་ཡོངས་ཀྱིས་གལ་ཆེན་དུ་བརྩི་བ་དང་། བརྩི་བར་ཡང་འོས་པའི་དུས་ཆེན་ཞིག་རེད། ཉིན་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཀྱང་སྤྱི་དམངས་གུང་གསེང་གི་ཉིན་མོ་ཞིག་ཏུ་ཉིས་སྟོང་གཉིས་ལོ་ནས་གཏན་འབེབས་གནང་ཡོད་འདུག འབྲུག་དང་ཐའེ་ལན་ལྟ་བུའི་ནང་པའི་རྒྱལ་ཁག་དག་གིས་ཀྱང་དུས་ཆེན་འདི་རྒྱལ་ཁབ་གྱི་གཞུང་འབྲེལ་གུང་གསེང་གི་དུས་ཆེན་དུ་རྩིས་ཡོད། ཞིབ་ཆ་འདིར་མི་འཆད། ཁར་རྩང་ངས་རྒྱ་ཡིག་གི་ཐོག་ནས་སྟོན་པའི་འཁྲུང་སྐར་བསྲུང་བརྩིའི་ལས་འགུལ་སྤེལ་སྟངས་དང་འབྲེལ་བའི་འབོད་སྐུལ་ཞིག་ངོ་དེབ་ཏུ་བཞག་པའི་བཤམ་དུ་ཧོང་ཀོང་བ་ཞིག་གིས། ཧོང་ཀོང་དུ་ཡང་སངས་རྒྱས་ཀྱི་འཁྲུང་སྐར་དུས་ཆེན་འདི་ཉིད་གཞུང་འབྲེལ་གུང་གསེང་གི་ཉིན་མོ་རེད་ཅེས་ལབ་འདུག་པར་ངས་སླར་ཡང་ནན་ཏན་གྱིས་དོ་སྣང་བྱས་ཏེ་འདྲི་སྐབས། ཉིན་འདི་ཧོང་ཀོང་དུ་ཁྲིམས་ཐོག་ནས་གཏན་འབེབས་བྱས་པའི་རྒྱལ་ཡོངས་ཀྱི་གུང་གསེང་ཞིག་རེད་ཅེས་ཟེར། གནས་ཚུལ་འདི་ཤེས་པ་དང་ལྷག་ཏུ་སེམས་འགུལ་ཐེབས་ཤིང་། དགའ་སྤོབས་ཤིག་ཀྱང་སྐྱེས། འོན་ཀྱང་བོད་པ་ཚོས་སངས་རྒྱས་ཀྱི་འཁྲུང་སྐར་འདི་ལ་དོ་སྣང་དེ་ཙམ་མི་བྱེད་པ་དྲན་པས་གནོང་ཞིང་འགྱོད་པ་ཞིག་ཀྱང་བྱུང་། མ་མཐའ་ཡང་དེང་སང་འཇིག་རྟེན་འདིའི་མི་ཚང་མས་མི་ཞིག་གི་མི་ཚེའི་ནང་གི་གལ་ཆེ་ཤོས་ཀྱི་དུས་དྲན་ནི་མི་སོ་སོའི་སྐྱེས་སྐར་ལ་བྱེད་པ་བཞིན། ང་ཚོས་ཀྱང་སངས་རྒྱས་ཀྱི་འཁྲུང་སྐར་འདི་སྔར་ལས་གལ་ཆེན་དུ་བྱེད་དགོས། ལོ་རེ་ནས་ལོ་རེར་གཞི་རྒྱ་ཆེ་རུ་གཏོང་དགོས། འབོད་སྐུལ་འདིར་ཁྱེད་ཀྱིས་བསམ་བློ་ཞིབ་མོ་གཏོང་གནང་རོགས། ད་དུང་ཁོར་ཡུག་གི་མི་ཚང་མར་ཡང་བཤད་རོགས། དེང་རབས་ཀྱི་དུས་དར་དང་ཡང་མཐུན་ལ། དད་པ་དང་བསོད་ནམས་ཀྱི་རྒྱུར་ཡང་འགྱུར་ངེས་པའི་འཁྲུང་སྐར་དུས་དྲན་གྱི་བྱེད་སྒོ་འདྲ་མིན་ཐོག་མཁས་པ་དང་ཤེས་ལྡན་པ་དག་གིས་སྣེ་ཁྲིད་དེ་ལམ་སྟོན་མང་ཙམ་གནང་དགོས། སྲོལ་རྒྱུན་གྱི་སྒོམ་སྒྲུབ་ཉམས་ལེན་དང་ཕྱག་སྐོར་སྒྲུབ་སྦྱོང་སོགས་ཀྱི་ལམ་ནས་དད་པ་དང་རྗེས་དྲན་མཚོན་པར་བྱེད་པ་ལས་གཞན་ད་དུང་ཁྱེད་ཀྱིས་རྣམ་པ་མི་འདྲ་བའི་ལམ་ནས་དུས་ཆེན་སྲུང་བརྩི་བྱེད་གནང་རོགས། དཔེ་མཚོན་འོག་གི་དོན་ཚན་དྲུག་ལྟ་བུ་ཡིན།

གཅིག ༽ཁྱེད་ཀྱིས་ནང་མི་དང་གྲོགས་པོ་ཁོར་ཡུག་གི་མི་སུ་ལ་ཐུག་ཀྱང་། ལོ་སར་ལ་འཚམས་འདྲི་བྱེད་པ་བཞིན་༼འཁྲུང་སྐར་བདེ་ལེགས༽ཞེས་པའི་ཚིག་འདི་ཁ་ནས་བརྗོད་རོགས། འཕྲིན་ཐུང་དང་ཕྲིན་ཕྲན་སོགས་ལས་ཀྱང་ཚིག་འདིས་ཕན་ཚུན་འཚམས་འདྲི་བྱེད་རོགས།

གཉིས།༽ཁྱེད་ཀྱིས་འཁྲུང་སྐར་གྱི་ཉིན་དེར་ངོ་དེབ་དང་བོད་ཁུག ཕྲིན་ཕྲན་སོགས་ཀྱི་མདུན་ངོས་ཀྱི་སྒེར་གྱི་འདྲ་པར་མཇོག་སར་སངས་རྒྱས་སྐུ་བལྟམས་པའི་པར་རམ། དེ་ལས་གཞན་པའི་ཡིད་དུ་འོང་བའི་སངས་རྒྱས་ཀྱི་སྐུ་བརྙན་མཇོག་རོགས།

གསུམ།༽ཁྱེད་ཀྱིས་ཉིན་དེར་སངས་རྒྱས་ཀྱི་སྐུ་འདྲ་ཞིག་གམ། ཞལ་ཐང་ཞིག་གི་མདུན་དུ་ཁ་བཏགས་ཤིག་གམ་མེ་ཏོག་རྐང་གཅིག་ཅིག་ངེས་པར་དུ་འབུལ་རྒྱུ་གཏན་ནས་མ་བརྗེད།

བཞི།༽ཁྱེད་ཀྱིས་རང་གི་ཆ་རྐྱེན་དང་བསྟུན་ནས་ཉིན་དེར་དགའ་ཉེ་གྲོགས་པོ་དག་དང་མཉམ་དུ་འཁྲུང་སྐར་གྱི་འགྲོན་ཁ་བྱེད་རོགས། འདི་རིགས་ནི་འཁྲུང་སྐར་གལ་ཆེན་དུ་བྱེད་པའི་རྣམ་འགྱུར་གཞན་ཞིག་རེད། ད་དུང་གླུ་ལེན་པ་དང་བྲོ་འཁྲབ་པ་སོགས་རྒྱུན་ལྡན་འཚོ་བའི་བྱེད་སྒོ་དག་གི་ལམ་ནས་ཀྱང་སངས་རྒྱས་ཀྱི་འཁྲུང་སྐར་དྲན་པ་གནང་རོགས། གལ་ཏེ་ཁྱེད་གྲོགས་པོ་གཅིག་གམ་ཡང་ན་ཁྱེད་ཀྱི་དགའ་རོགས་ལྟ་བུ་ཞིག་དང་མཉམ་དུ་སྟབས་བདེ་བའི་དགུང་ཟས་ཟ་གིན་ཡོད་ན་ཡང་དེ་ཡང་སངས་རྒྱས་ཀྱི་འཁྲུང་སྐར་དུས་དྲན་གྱི་ཆ་ཤས་སུ་བསམ་རོགས།

ཁྱེད་ཀྱིས་དུས་ཐུང་ཉིན་མོ་འདི་དག་གི་ནང་། ནང་མི་དང་གྲོགས་པོ་དགའ་རོགས་བཅས་ལ་ལག་རྟགས་དང་ཤོག་བྱང་སྐུར་རོགས། ཁྱེད་ཉིད་ཟ་ཁང་དང་མགྲོན་ཁང་ཚོང་ཁང་སོགས་ཀྱི་སྦྱིན་བདག་ཅིག་ཡིན་ན་ཁྱེད་ཀྱིས་ཉིན་དེར་ཁང་པའི་སྒོ་ཁྱམས་སུ་འཁྲུང་སྐར་བདེ་ལེགས་ཀྱི་ཤོག་བྱང་སྦྱར་བའི་མེ་ཏོག་གི་ཆུན་པོ་ཁ་བཏགས་ཀྱིས་སྤྲས་དེ་འཇོག་རོགས།

ལྔ།༽དེ་བཞིན་དགོན་པ་དག་གིས་སེར་སྦྲེངས་ཀྱིས་སྟོན་པའི་སྐུ་བརྙན་ཁྱོག་ལ་གདན་དྲངས་ཏེ་གཞི་མདོ་དག་ཏུ་བསྐོར་བསྐྱོད་བྱེད་པ་དང་། མེ་ཏོག་འབུལ་བ། སློབ་གྲྭ་པ་དག་གིས་ཀྱང་སྙན་ངག་དང་རྩོམ་ཡིག་སོགས་ཀྱི་ལམ་ནས་དང་དུས་དྲན་མཚོན་པ་གནང་རོགས། བྱིས་པ་དག་གིས་ཀྱང་བྱེ་རིལ་གྱི་ལག་རྟགས་སྤྲོད་ལེན་གྱི་རྣམ་པ་ཚུན་ཆད་ཀྱིས་སངས་རྒྱས་ཀྱི་འཁྲུང་སྐར་བསྲུང་བརྩི་བྱེད་པ་དང་། ཕ་མ་དག་གི་ཀྱང་ཕྲུ་གུ་ལ་སངས་རྒྱས་འཁྲུང་སྐར་གྱི་རྔན་པ་ཆུང་ཆུང་ཉོས་ནས་ཕྲུ་གུ་དག་ལ་སྤྲོད་རོགས།

དྲུག༽ཁྱེད་ཀྱིས་ཉིན་དེར་ངེས་པར་དུ་དཀར་ཟས་གཙང་མ་ཟ་རྒྱུ་དང་། གཞན་ཡང་དེར་སྐུལ་མ་གནང་རོགས། ཡག་ཤོས་བྱུང་ན་ཡན་ལག་བརྒྱད་པའི་སྙེན་གནས་ཀྱི་གསོ་སྦྱོང་ལ་ཡང་གནས་པར་གྱིས་ཤིག

མཇུག་ཏུ། དགེ་འདུན་པ་དང་ཤེས་ཡོན་པས་དབུས་པའི་ཆོས་ཀྱི་གྲོགས་པོ་རྣམས་ཀྱིས་ངའི་འབོད་སྐུལ་འདི་ཕྱོགས་དང་ཕྱོགས་སུ་བཀྲམ་གནང་རོགས།

ཐུགས་རྗེ་ཆེ།

རྫ་ཚེ་རིང་བཀྲ་ཤིས་ཀྱིས། བསྟན་པ་དང་སྟོན་པ་ལ་གཅེས་པའི་བློས་ཐའེ་ཝན་གླིང་ཕྲན་ནས་བོད་རྒྱལ་ལོ་༢༡༤༠དཔྱིད་ཟླ་ཐ་ཆུང་གི་ཚེས་༢༩ཞོགས་པ་འཕྲལ་བྲིས་ཏེ་ཕུལ།