༄། རྒྱལ་སྤྱིའི་ཨ་མའི་ཉིན་མོར་ཕུལ། །

ཨ་མ་བཞུད་ནས་ཕྱིར་མཇལ་མེད་པ་དང་།
ཨ་མ་བཞུགས་ཀྱང་མཇལ་དབང་མེད་པ་ཡི།
ཨ་མ་དང་བྲལ་ས་མཐའི་དྭ་ཕྲུག་ཚོར།
ཨ་མའི་ཉིན་འདི་སྐྱོ་བའི་སྣོན་མ་ཞིག ། །

ཨ་མས་ཟླ་བཅུ་ཁོག་ཏུ་ཁུར་བ་དང་།
ཨ་མར་བཙས་པས་མནར་བའི་སྡུག་བསྔལ་ནས།
ཨ་མས་བསྐྱངས་བས་དཀའ་སྡུག་རྔུལ་ཆུས་ཁྲོད།
ཨ་མས་བཞག་པའི་བརྩེ་བ་ཀུན་ལས་ལྷག ། །

ཨ་མ་དེ་རིང་དྲན་པ་མ་ཡིན་ལ།
ཨ་མ་མི་དྲན་ཉི་མ་གཅིག་མེད་ཀྱང་།
ཨ་མའི་སྐུ་ལུས་ཞིམ་པའི་གྲིབ་མ་ནི།
ཨ་མས་ང་ལ་གནང་བའི་རྨི་ལམ་ཡིན། །

ཨ་མ་སྙིང་ཆུང་དམར་པོའི་དབྱིབས་གྲུབ་ནས།
ཨ་མ་གཏན་དུ་སྙིང་གི་སེམས་ལ་གནས།
ཨ་མ་གཤེགས་དང་བྲལ་བ་སྒྲོ་བཏགས་ལས།
ཨ་མ་ངེད་གཉིས་སྐད་ཅིག་འབྲལ་མ་མྱོང་། །

ཨ་མའི་སེམས་ཀྱི་བུ་ཆུང་ང་རང་ཡིན།
ཨ་མ་ཁྱེད་རང་བུ་ངའི་སེམས་པ་ཡིན།
ཨ་མ་ཁྱེད་ནི་རྗེ་བཙུན་སྒྲོལ་མ་ཡིན།
ཨ་མའི་བྱམས་བརྩེ་བྱང་ཆུབ་ལམ་སྒྲོན་ཡིན། །

ཨ་མ་རིན་པོ་ཆེ་ལ་གསོལ་བ་འདེབས།
ཨ་མའི་བུ་ཆུང་ཚེ་རབས་རྗེས་འཛིན་མཛོད།
ཨ་མ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལས།
ཨ་མའི་བུ་ལ་ཐར་བའི་ས་བོན་ཐེབས། །

ཨ་མ་དེ་རིང་གོ་ལའི་སྒང་ན་རྒྱལ།
ཨ་མར་གུས་པས་ཡ་རབས་ལུགས་སྲོལ་གྱི།
ཨ་མར་ལེགས་སྐྱེས་སེམས་ཀྱི་མེ་ཏོག་འདི།
ཨ་མའི་བུ་ངས་སེམས་ཀྱིས་སེམས་ལ་ཕུལ། །
༠༥/༡༢/༢༠༡༣