གྲོས་ཚོགས་ཉིན་གསུམ་་པ།

གྱང་རོ་འབུར་དུ་ཐོན་པའི་ཁང་ཤུལ་དང༌།།

མིང་གི་ལྷག་མར་ལུས་པ་རྒྱལ་པོའི་མཚན།།

མི་རྟག་བཙན་པོའི་དཔུང་གིས་འཇོམས་པ་ཡི།།

འདུས་བྱའི་སྒྱུ་མའི་འཇའ་རིས་ཡལ་བ་མང༌།།

 

སྔོན་པོའི་གནམ་མཐའ་དཀར་ནག་སྤྲིན་གྱིས་སྒྲིབ།།

མཐོན་པོའི་རི་བོ་སྨུག་པའི་གསེབ་ཏུ་འཚང༌།།

མེས་པོའི་ཕ་ས་དགྲ་བོའི་རྡོག་པས་བརྗེས།།

ཁང་བྱེའུ་ཉལ་ཚང་རི་བྱེའུ་སྐྱ་བོས་བཟུང༌།།

 

ཡོད་ཚད་ལས་ལ་བཅོལ་བའི་མི་རིགས་འདི།།

ཕམ་ཉེས་མགོ་ཐོག་ལྷུང་བའི་མཚན་ལྗོངས་སུ།།

རེ་བའི་རྨི་ལམ་སྒུག་ནས་གཉིད་པའི་མཐར།།

ད་ནི་མི་ལོ་ལྔ་བཅུ་ཏག་ཏག་རྫོགས།།

 

ལྷ་ཡི་ལུང་བསྟན་སྙན་པོའི་ཚིག་རིས་དང༌།།

གཉིད་ཀྱི་རྨི་ལམ་སྐྱིད་པའི་འཁྲུལ་སྣང་གཉིས།།

འཁྲུལ་མེད་མངོན་སུམ་ཚད་མའི་སྣང་ངོ་ལ།།

འཆར་བའི་རེ་བ་འདི་ཡིས་ད་དུང་ཕུང༌།།

 

སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་ཤིན་ཏུ་མཐོ།།

འོག་ཕྱོགས་དམྱལ་བའི་འཇིག་རྟེན་ས་འོག་གནས།།

འཇིག་རྟེན་མི་ཡི་བདེ་སྡུག་འཚོལ་དགོས་ན།།

ས་སྟེང་འཇིག་རྟེན་འདི་ནས་འཚོལ་ན་རན།།

 

རྒྱ་ནག་སྐུ་ཚབ་འབྲེལ་མཐུད་ད་དུང་གནས།།

རྒྱ་གར་སྐྱོབ་གསོའི་ལྟ་རྟོག་ཤིན་ཏུ་ཟབ།།

སྦྲང་རྩིའི་སྙིང་པོ་ཕྱུངས་པའི་མངར་ཆ་འདི།།

བྱིས་པའི་ཁ་ལ་ཕྲོད་པའི་བྲོ་བ་ཞིག།

 

གྲོས་ཚོགས་འཐུས་མིའི་ཚོགས་ར་ཇེ་རྒྱས་རེད།།

དྲི་བ་དྲིས་ལན་དུས་ཚོད་ཇེ་ལྷུག་རེད།།

དགོངས་འཆར་གཏམ་བཤད་གནང་མཁན་ཇེ་མང་རེད།།

གཟུགས་མཐོང་གསར་འཕྲིན་ལྟད་མོ་ཇེ་ཆེ་རེད།།

 

གྲོས་གཞི་གྲོས་འཆར་ཇེ་མང་ཇེ་མང་རེད།།

ལག་ལེན་ལག་བསྟར་ཇེ་ཉུང་ཇེ་ཉུང་རེད།།

རྩ་དོན་གསུང་མཁན་དེ་བས་ཇེ་ཉུང་རེད།།

འདི་དོན་རྨི་ལམ་ཡིན་ན་དགའ་བ་ལ།།

 

ལྟོས་དང་རྡ་སའི་ནགས་ཀླུང་སྟུག་སོའི་ནང༌།།

སྤྲ་དང་སྤྲེའུ་རྒྱུ་བའི་འཚང་ཀ་ལ།།

ཁང་ཁྱིམ་སྡོད་གནས་མེད་པའི་སྐྱབས་བཅོལ་ཚོར།།

དྲན་པའི་སྐུལ་འདོད་གཏོང་བའི་བརྙན་རིས་ཤིག།

 

ལྷོ་མཐའི་ཚ་བས་ཕ་ས་དྲན་གསོ་གཏོང༌།།

བསིལ་རླུང་དལ་བུས་སེམས་ཀྱི་ངལ་གསོ་སྟེར།།

དགའ་སྐྱོ་བསྣོལ་མ་འཐབ་པའི་ཚོར་སྣང་གིས།།

གདོས་བཅས་ལུས་འདི་ཤིང་བལ་བཞིན་དུ་གཡོ།།

 

མིག་དང་རྣ་བ་བཀབ་པར་མ་ནུས་པས།།

ཚོར་སྣང་སྐྱུར་མོས་སེམས་ཁམས་བཟི་དྲགས་ནས།།

ཟར་ཟིར་འུར་ཟིངས་འཁྲུག་པའི་མི་ཚོགས་ཁྲོད།།

འཚང་ཁ་བརྒྱབ་ནས་བོད་ཀྱི་ཟ་ཁང་འགྲིམས།།

 

ཁ་ལ་སྦྲང་རྩིའི་གསོལ་ཇ་འཐུང་ན་ཡང༌།།

ལྕེ་ཐོག་མངར་མོའི་བྲོ་བ་མ་སླེབས་གོང༌།།

ཚོར་སྣང་སྐྱུར་མོ་བཀག་ཀྱང་མ་ཁོག་པར།།

སྨྱུ་གུའི་ལམ་ནས་ཤོག་གུའི་སྒང་ལ་སྐྱུགས།།

 

ད་ནི་དགུང་མོ་ཆུ་ཚོད་བཅུ་པ་རེད།།

ཁོར་ཡུག་འདི་ནས་དག་ཞིང་མི་སླེབས་པས།།

ཉལ་ནས་གཉིད་ཀྱི་འཁྲུལ་སྣང་རྨི་ལམ་དུ།།

དག་པའི་ཞི་ཁམས་འགྲིམས་པའི་རེ་བ་འཆང༌།།

2009/3/13/མཚན་མོར་(Hotell Tibet)ནང་དུ་བྲིས།