སུད་སི་རུ་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བགྲོ་གླེང་།
བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆིག་སྒྲིལ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་བགྲོ་གླེང་ཞིག་འཚོགས་པ་དང་། དེར་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་བོད་དོན་ལས་འགུལ་གང་སྤེལ་བ་དེ་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པ་ཞིག་སྤེལ་དགོས་སྐོར་གསུངས་སོང་།
དེ་ཡང་ཕྱི་ཟླ་༥ ཚེས་ ༡༨ ཉིན་རྒྱབ་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱིས་གོ་སྒྲིག་འོག སུད་སི་ཛུ་རིག་གྲོང་ཁྱེར་དུ་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆིག་སྒྲིལ་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་འཚོགས་པ་དེའི་ཐོག་བོད་མི་བདུན་བཅུ་སྐོར་འདུ་འཛོམས་བྱུང་ཡོད་པ་རེད།
བགྲོ་གླེང་དེའི་ཐོག་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་མཚན་དང་། ཡོ་རོབ་མདོ་ཁམས་ཆུ་སྒང་གི་ཚོགས་གཙོ་བློ་བཟང་། ས་གནས་མདོ་སྨད་ཚོགས་པའི་སྐུ་ཚབ། ཡོ་རོབ་བོད་རིགས་གཞོན་ནུའི་ཚོགས་ཀྱི་སྐུ་ཚབ་བསྟན་འཛིན་ཆོས་དབྱིངས། ས་གནས་བུད་མེད་ཀྱི་སྐུ་ཚབ་སྐལ་བཟང་གྲགས་རྒྱལ། བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དཔའ་བོ། བོད་དོན་རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ་བ་རྔ་པ་རིན་པོ། རྒན་ཟམ་མདོ་བྱམས་པ་བཅས་ནས་དབུས་བོད་མིའི་སྒྲིག་འཛུགས་འདི་བོད་ཀྱི་འཐབ་རྩོད་ཀྱི་སྲོག་རྩ་ཡིན་སྐོར་དང་། བོད་ནང་གི་རང་ལུས་མེར་སྲེག་གིས་མཚོན་པའི་བོད་མིའི་ཁ་ཆེམས་རྣམས་གཞུང་མང་གཉིས་ནས་ཇི་ལྟར་ལག་ལེན་གྱི་ཐོག་ནས་བསྒྲུབ་ཐབས། གཞུང་དང་གྲོས་ཚོགས་ཁག་ལ་བོད་དོན་ཞུ་གཏུག་གནང་ཕྱོགས། ཆོལ་གསུམ་མཐུན་སྒྲིལ་གནང་ཕྱོགས་སོགས་ཀྱི་ཐད་བསམ་ཚུལ་མདོར་བསྡུས་རེ་གསུངས་ཡོད་རེད།
ཐེངས་འདིའི་བགྲོ་གླེང་ཐོག་ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས། ཚོགས་པ་ཁག་གིས་བོད་དོན་ལས་འགུལ་སྤེལ་བ་དེ་གྲངས་ཀ་གསོག་རྒྱུ་གལ་ཆེན་པོར་མི་བརྩི་བར། གཙོ་བོ་བོད་དོན་ལས་འགུལ་གང་སྤེལ་བ་དེ་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པ་ཞིག་སྤེལ་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་སོང་། དེ་བཞིན་གཏམ་བཤད་གནང་མཁན་ཚོས་ཚོགས་བཅར་བ་ཚོའི་དྲི་བར་ལན་འདེབས་དང་། དེ་བཞིན་ཚོགས་བཅར་བ་ཚོར་བོད་མི་སོ་སོའི་ངོས་ནས་བོད་དོན་ལ་འགན་ཁུར་ལེན་ཕྱོགས་ཐད་རང་མོས་དགོངས་ཚུལ་མདོར་བསྡུས་རེ་གསུངས་ཡོད་པ་རེད།
སུད་སི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ནི་ཕྱི་ལོ་ ༢༠༡༡ ལོར་གསར་དུ་དབུ་བརྙེས་པའི་བོད་དོན་ལས་འགུལ་སྤེལ་མཁན་གྱི་ཚོགས་པ་ཞིག་ཡིན་པ་དང་། ད་བར་སུད་སི་ཁུལ་དུ་བོད་དོན་སྐད་འབོད་ཁྲོམ་སྐོར་སོགས་གོ་སྒྲིག་ཐེངས་མང་གནང་ཡོད་པ་རེད།
སུད་སི་བང་ཆེན་གསར་འགོད་པ་འཇིགས་བྲལ་ནས།