རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་ངོ་རྒོལ་བ་བཀག་འགོག
ཟླ་འདིའི་ཚེས་༢༠ ཉིན་གྱི་སྔ་དྲོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆང་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་ཆེད་སླེབས་ཡོད་པར་ངོ་རྒོལ་སྐད་འབོད་བྱས་པ་དང་། རྒྱ་གར་གྱི་ཉེན་རྟོག་པས་ལས་འགུལ་བ་བཀག་ཉར་བྱས་ཡོད་པ་རེད།
ལས་འགུལ་དེ་ཉིན་འགའི་རིང་རྒྱ་ནག་གི་སྲིད་བློན་ལེ་ཁེ་ཆང་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་སྐབས་སྡོད་གནས། ཏ་ཇ་མགྲོན་ཁང་གི་(Taj Palace་Hotel )གི་ཉེ་འགྲམ་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ་དང་། བཀྲ་ཤིས་ཀྱིས་རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག རྒྱ་ནག་རྒྱ་གར་ནས་ཕར་རྒྱུགས་ཤིག ལེ་ཁེ་ཆང་། བོད་ལ་རང་དབང་མྱུར་དུ་ཐོབ་ཀྱི་རེད་ཅེས་འབོད་ཚིག་བྲིས་ཡོད་པའི་ཕིཊི་ཉི་ཤུ་ཅན་གྱི་འཕྲེད་དར་རིང་པོ་ཞིག་བཏོན་ནས། བོད་རང་བཙན། བོད་མིའི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་འབོད་ཚིག་ཤུགས་ཆེན་བསྒྲགས་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་འབྲེལ་མཐུད་པ་བསྟན་འཛིན་ཚེ་ལྷས་“གལ་ཏེ་རྒྱ་གར་གྱི་ཆེས་མཐོའི་འགོ་འཁྲིད་ཚོ་སོ་སོའི་རྒྱལ་ཁབ་ལ་ཞི་བདེ་དང་བདེ་འཇགས་སྲ་བརྟན་ཡོང་བའི་རེ་འདུན་བཅངས་ཡོད་ཚེ་སྲིད་བློན་ལི་དང་མཉམ་དུ་བོད་ཀྱི་གནད་དོན་ཐད་གྲོས་བསྡུར་ངེས་པར་དུ་བྱེད་དགོས་པ་དང་། རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་བཙན་འཛུལ་བྱས་པའི་ཆབ་སྲིད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པ་ཡིན་ན། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྙོག་དྲ་དེ་རང་བཞིན་གྱིས་མེད་པ་ཆགས་ཀྱི་རེད། རྒྱ་གར་གཞུང་ཕྱོགས་ངོས་ནས་ངེས་པར་དུ་རྒྱལ་ཁབ་གཞན་དང་ལྷན་དུ་གྲོས་མོལ་གྱིས་བོད་ཀྱི་ཆུའི་ཐོན་ཁུངས་དེ་རྒྱ་ནག་རྒྱལ་ཁབ་གཅིག་པུའི་སྟངས་འཛིན་འོག་མ་ཚུད་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་རེད།”རྗོད་ཡོད་པ་རེད།
