༧གོང་ས་མཆོག་བཞུགས་སྒར་དུ་ཆིབས་བསྒྱུར།

2013_5_23_3

༧གོང་ས་མཆོག་གིས་ཐེངས་འདིར་ཉིན་༢༠ ལྷག་གི་རིང་ཨ་རིའི་མངའ་སྡེ་ཆེ་ཁག་དགུའི་ནང་གི་སློབ་ཕྲུག་དང་ཚོགས་སྡེ་ཁག་གི་མང་ཚོགས་ལ། གསུང་ཆོས་དང་བཀའ་སློབ་ལམ་སྟོན་སོགས་ཀྱི་མཛད་འཕྲིན་ཁག་ཅིག་ལེགས་པར་གྲུབ་སྟེ་དེ་རིང་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སོང་།

དེ་ཡང་༧གོང་ས་མཆོག་གིས་ཐེངས་འདིར་ཕྱི་ཟླ་༥ ཚེས་༧ ནས་དབུ་འཛུགས་ཀྱིས་ཚེས་༢༡ བར་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཟླ་འདིའི་ཕྱི་ཚེས་༢༣ ཉིན་གྱི་ཞོགས་པར་གྷལ་གྷལ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་ཕེབས་བསུ་དང་། དེ་བཞིན་ལམ་བར་གྱི་ས་ཚིགས་ཁག་ནས་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་སོང་།
2013_5_23_3༧གོང་ས་མཆོག་གིས་ཟླ་འདིའི་ཕྱི་ཚེས་༧ ཉིན་ནས་མགོ་བརྩམས་ཏེ། ཨ་རིའི་རྒྱལ་སའི་ཉེ་འཁྲིས་སུ་གནས་པའི་(Maryland) མར་རི་ལན་ཌེ་མེ་རི་མངའ་སྡེའི་ནང་མར་རི་ལན་ཌེ་མེ་རི་སློབ་གྲྭ་ཆེན་མོའི་ནང་། སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་དང་མང་ཚོགས་ལ་ཞི་བདེ་དང་སྙིང་རྗེ་བརྒྱུད་ནས་ཞི་བདེ་བ་ཐོབ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང། ཕྱི་ཚེས་༩ ཉིན་ཨ་རིའི་གྲོང་ཁྱེར་པོར་ཊི་ལན་ཌིའི་སློབ་གྲྭ་ཆེན་མོའི་ནང་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་ལྷན་འཛོམས་ཀྱིས་ཁོར་ཡུག་གནད་དོན་སྐོར་གྱི་ལྷན་ཚོགས་ཐོག་ལྷན་ཞུགས་ཀྱིས་ནང་སེམས་གཙང་མ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་༡༠ ཉིན་ (Eugene) ཡུ་ཇིན་གྲོང་ཁྱེར་དུ་ཆིབས་སྒྱུར་གྱིས་གོ་ལའི་སྤྱི་ཚོགས་དེ་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་སྐྲུན་ཐབས་སྐོར་ལ་མང་ཚོགས་ལ་བཀའ་སློབ་དང་། ཕྱི་ཚེས་༡༡ཉིན་མི་ཊིར་པ་གཙུག་ལག་སློབ་གྲྭས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཁོར་ཡུག་གི་ཆེ་མཐོའི་ལྷན་ཚོགས་སུ་ཆིབས་བསྒྱུར་བསྐྱང་སྟེ་སྙིང་རྗེ་དང་གོ་ལའི་ཁོར་ཡུག་གི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་གནང་བ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་འདུག
ཕྱི་ལོ་༢༠༠༧ ནས་འགོ་བརྩམས་ཏེ་༧གོང་ས་མཆོག་གིས་དབྱར་ཁའི་གུང་གསེང་དང་བསྟུན་ཏེ། བོད་རིགས་མཐོ་རིམ་སློབ་མ་ཚོ་གཙོས་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟར། འདི་ལོར་ཡང་ཕྱི་༦ ཚེས་༢༧ ནས་ཉིན་གཉིས་ཀྱི་རིང་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ནང་ཆོས་ངོ་སྤྲོད་གནང་གཏན་ཁེལ་ཡོད་འདུག