འཁྱམ་པོའི་ལས་དབང་།

རང་ཡུལ་དྲན་ཐེངས་རེ་ལ། །
རང་ཉིད་རང་གི་དཔྱད་དུས། །
རང་གི་མ་འོངས་ཁ་ཕྱོགས། །
རང་གིས་ད་དུང་མི་ཤེས། །

གཞན་ཡུལ་ལོ་མང་བསྡད་ཀྱང་། །
གཞན་སེམས་དཀྲུག་པའི་རྒྱུ་ལས། །

གཞན་ལ་ཕན་པའི་བྱ་བ། །
གཞན་ལ་སྟོན་རྒྱུ་མི་འདུག །

དགྲ་ལ་སྡང་སེམས་སྐྱེ་དུས། །
དགྲ་བོའི་སྟོབས་ཤུགས་མཐོང་སོང་། །
དགྲ་བོར་རྒོལ་བའི་སྤོབས་པ། །
དགྲ་བོའི་ཟིལ་གྱིས་གནོན་སོང་། །

གཉེན་ལ་དུང་ཞེན་ཆེ་ནས། །
གཉེན་གྱི་ཕྱོགས་སུ་ཆགས་སོང་། །
གཉེན་ཉེའི་རེ་བ་བསྐོང་བྱེད། །
གཉེན་ལ་སྟོན་རྒྱུ་མེད་ཀི །

མི་ཡུལ་ས་མཐའ་འདི་ནི། །
ཉི་མ་ལོ་ལས་རིང་འདུག །
ལོ་ཟླ་མཛུ་རྩེར་བགྲང་དུས། །
མ་ལོའི་བཞིན་རས་འཆར་གི །

མཚན་མོ་གཉིད་ཀྱི་ཞིང་ནས། །
དྲིན་ཅན་མ་ལོའི་བྱམས་བརྩེས། །
སྐྱོང་བ་བགྲང་ལས་འདས་ཀྱང་། །
ཉིན་མོར་སྐྱོ་རོགས་རེད་འདུག །

སྟོང་འདང་སྣ་ཚོགས་བརྒྱབ་དུས། །
སེམས་ཁམས་དཀྲུག་བྱེད་ཙམ་ལས། །
འདི་ཡིན་ལེགས་པའི་བྱ་བ། །
བདག་ལ་སྟོན་རྒྱུ་མི་འདུག །

མི་རྟག་འཁོར་བའི་ངང་ཚུལ། །
ཡིད་ལ་སྒོམ་ཁུལ་བྱས་ཀྱང་། །
རྟག་འཛིན་འགོང་པོ་དེ་ནི། །
སྔར་ལས་འཕེལ་ཁ་དར་སོང་། །

བདག་མེད་གཉིས་ཀྱི་གནས་ལུགས། །
སེམས་སུ་ཨེ་གོམས་བསམ་ཡང་། །
འཛིན་པ་གཉིས་ཀྱི་དྲྭ་བ། །
ལྕགས་ཐག་ལས་ཀྱང་དམ་འདུག །

ཆོས་ནོར་གཉིས་ཀྱི་དབུ་འཕོངས་། །
ཆོས་ལྡན་ཁ་བའི་བུ་ང་། །
ཆོས་འབག་གྱོན་དགོས་ལས་འདི། །
ཆོས་ཀྱི་རྒྱལ་པོས་བསྐོས་སམ། །