འབར་མའི་མཛངས་མ་ཨང་ཧྲན་སུ་ཀིས་སྲིད་འཛིན་ལངས་འཆར།
འབར་མའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་འཁྲིད་ལྕམ་ཨྭང་ཧྲན་སུ་ཀིས་མ་འོངས་ པའི་ ༢༠༡༥ ལོར་སྲིད་འཛིན་ལངས་རྒྱུའི་ཁྱབ་བསྒྲགས་སྤེལ་ཞིང་། ཁོང་མོས་འབར་མ་མི་དམངས་རྣམས་ལ་ཚང་མའི་མཉམ་དུ་བསྒྱུར་བཅོས་ཀྱི་འབྲས་བཟང་ ལོངས་སྤྱོད་དགོས་པའི་འབོད་བསྐུལ་གསུང་འདུག དེའང་ཁོང་མོས་མ་འོངས་པའི་ཆབ་སྲིད་འཐབ་རྩོད་སྐོར་ཧ་ཅང་གསལ་ཁ་དོད་པའི་རེ་བ་ ཞིག་རེད།
འབར་མའི་རང་དབང་འཐབ་རྩོད་པ་ལྕམ་ཨྭང་ཧྲན་སུ་ཀི་དེ་སྔོན་ནཱོ་པེལ་འཛམ་གླིང་ ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་དང་། ཉེ་དུས་ཙམ་ལ་ཁོང་མོས་འཛམ་གླིང་དཔལ་འབྱོར་བགྲོ་གླེང་གི་ཚོགས་ཆེན་ཤར་གླིང་སྐོར་ གྱི་ཚོགས་འདུའི་ཐོག་གསུང་བཤད་སྐབས་འབར་མའི་དམག་གི་སྲིད་གཞུང་ནས་བྲིས་པའི་ བཅའ་ཁྲིམས་རག་ཟིན་ལ་བཅོས་བསྒྱུར་དགོས་སྐོར་གསུངས་ཡོད་པ་རེད། དེའང་བཅའ་ཁྲིམས་དེའི་ནང་རང་གི་བཟའ་ཟླ་དང་བུ་རྒྱུད་ཕྱི་རྒྱལ་བའི་ཡུལ་མི་ཡིན་ ཚེ་རྒྱལ་ཚོགས་རང་ནས་སྲིད་འཛིན་དུ་འོས་འདེམས་བྱ་མི་ཆོག ཅེས་གསལ་ཡོད་པ་རེད། ལྕམ་ཨྭང་ཧྲན་སུ་ཀིའི་འདས་གྲོངས་སུ་གྱུར་བའི་བཟའ་ཟླ་ཨྭ་ལི་ཟི་དང་བུ་གཉིས་ ཡོད་པ་ཚང་མ་དབྱིན་ཇི་རྒྱལ་ཁབ་ཀྱི་ཡུལ་མི་ཡིན་ཞིང་། ཕྱི་ཕྱོགས་ནས་འབར་མའི་བཅའ་ཁྲིམས་དེའི་དོན་ཚན་དེ་ནི་དམིགས་སུ་བཀལ་ནས་ལྕམ་ ཨྭང་ཧྲན་སུ་ཀི་སྲིད་འཛིན་ལངས་ཐབས་མེད་པ་བཟོ་ཆེད་དུ་ཡིན་པ་མ་ཟད། ཁོང་མོ་འབར་མའི་སྲིད་འཛིན་གྱི་འོས་འདེམས་ནང་བཞུགས་ཐབས་མེད་པ་བཟོ་ཕྱིར་ཡིན་ པ་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད།
ལྕམ་ཨྭང་ཧྲན་སུ་ཀིས་ཚོགས་འདུ་དེར་ཞུགས་མཁན་གྱི་འཐུས་མི་གཞན་ལ་དྲང་པོ་བཤད་ན་ང་རང་སྲིད་འཛིན་གྱི་འོས་འདེམས་ནང་བཞུགས་འདོད་ཡོད། གལ་ཏེ་ང་རང་གིས་སྲིད་འཛིན་བྱ་འདོད་མེད་པའི་རྣམ་འགྱུར་བཅོས་མ་ཞིག་བཏོན་ན་དེ་ ནི་སོ་སོ་དྲང་བདེན་མིན་པ་རེད། འོན་ཀྱང་སྒེར་ངོས་ནས་ངའི་སྤུན་ཟླ་རྣམས་ལ་དྲང་པོའི་སྒོ་ནས་ཁ་ཕྱོགས་འདོད་ཡོད། ཅེས་གསུངས་འདུག དེའང་ལྕམ་ཨྭང་ཧྲན་སུ་ཀིས་སྲིད་འཛིན་འོས་འདེམས་སྐོར་ཧ་ཅང་གསལ་ཁ་དོད་པོའི་མངོན་འདོད་མཚོན་པ་ཞིག་ཡིན། ཚོགས་འདུ་དེར་ཞུགས་མཁན་འཛམ་གླིང་ཐོག་གི་རྒྱལ་ཁབ་ཁག་ལྔ་བཅུའི་འཐུས་མི་དགུ་བརྒྱ་ལྷག་ཡོད་པ་རེད། འདི་ལོའི་སྤྱི་ཟླ་བཞི་པར་ལྕམ་ཨྭང་ཧྲན་སུ་ཀིས་ཉི་ཧོང་ཡོད་སྐབས་སུའང་ཆབ་སྲིད་ ཚོགས་པའི་འགོ་འཁྲིད་ཅིག་ཡིན་པའི་ངོས་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་ལངས་འདོད་ མེད་པ་ཡིན་ན་དེ་ནི་ཡ་མཚན་དགོས་པའི་གནས་ཚུལ་ཞིག་རེད་ཅེས་ཀྱང་གསུངས། འབར་མའི་བཅའ་ཁྲིམས་ནང་བཅའ་ཁྲིམས་ལ་བཅོས་བསྒྱུར་དགོས་ཚེ་གྲོས་ཚོགས་ཀྱི་སྤྱི་ འཐུས་བཞི་ཆ་གསུམ་གྱིས་རྒྱབ་སྐྱོར་དགོས་པ་དང། འོན་ཀྱང་ད་ལྟའི་ཆར་འབར་མའི་བཞི་ཆ་གཅིག་གི་སྤྱི་འཐུས་ནི་དམག་དོན་ཕྱོགས་ཀྱི་མི་སྣས་ཟིན་ཡོད་པ་ལས་དམངས་ཀྱིས་འོས་འདེམས་བརྒྱུད་བྱུང་བའི་སྤྱི་འཐུས་མ་རེད།
དེང་ལྕམ་ཨྭང་ཧྲན་སུ་ཀིས་སྔར་ལྟར་རྣོ་ངར་ཆེན་པོས་དམག་ཕྱོགས་མི་སྣ་ཚོར་སྐྱོན་བརྗོད་བྱེད་ཀྱི་མེད་པ་དེའང་ཁོ་ཚོའི་རྒྱབ་སྐྱོར་རག་ཐབས་ཀྱི་ཆེད་དུ་ རེད། ཁོང་མོས་ཆེད་ལས་མཁས་དབང་གིས་དེ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ནང་བཅོས་ བསྒྱུར་དཀའ་བའི་བཅའ་ཁྲིམས་གཅིག་རེད། གང་ཡིན་ཟེར་ན་ང་ཚོས་ཐོག་མར་ངེས་པར་དུ་བཅའ་ཁྲིམས་བཅོས་བསྒྱུར་གྱི་སྔོན་འགྲོའི་ལམ་ལུགས་རྣམས་བཅོས་བསྒྱུར་བྱ་དགོས། ཅེས་བཤད་ཡོད། གཞན་གྱིས་ལྕམ་ཨྭང་ཧྲན་སུ་ཀིར་བཅའ་ཁྲིམས་བཅོས་བསྒྱུར་སྐོར་བསམ་ཚུལ་གང་ཡོད་མེད་སྐད་ཆ་དྲིས་པར་ཁོང་མོས་ང་ནི་སྡིག་པ་མིག་བཙུམས་ཀྱི་དགའ་སྣང་རིང་ལུགས་དེ་འདྲ་མིན། བཅོས་བསྒྱུར་བྱ་བར་ཧུར་བརྩོན་དང་འབད་འབུངས་རིམ་བརྒྱུད་དགོས་པ་རེད། ང་ཚོས་བཅའ་ཁྲིམས་བཅོས་བསྒྱུར་ཡོང་ཐབས་ལ་ཧུར་བརྩོན་བྱ་རྒྱུ་ཡིན། ཞེས་ལན་འདེབས་གནང་ཡོད།
སྭིང་ཀ་ཕོའི་དེ་སྔོན་གྱི་སྲིད་བློན་ཝུའུ་ཙོ་ཏུང་ཡང་བགྲོ་གླེང་ཚོགས་ཆེན་དེར་བཞུགས་རྒྱུ་ཡིན་པ་དང་། ཁོས་ལྟ་ཞིབ་བྱས་པ་ལྟར་ན་ཨྭང་ཧྲན་སུ་ཀིས་དེང་རྒྱལ་ཚོགས་ཀྱི་ཆབ་སྲིད་ཚོགས་ པའི་སྤྱི་འཐུས་གཞན་དབར་ལའང་འཆམ་མཐུན་ལེགས་པོ་ཡོད་པ་ལས་འགལ་ཟླ་མེད་པའི་སྐོར་བཤད་འདུག
ཁོང་མོའི་རླབས་ཆེན་གྱི་བྱ་བཟང་དེར་ལམ་འགྲོ་རྒྱུག་པ་ཤོག གང་ཡིན་ཟེར་ན་དེ་ནི་ཁོང་མོ་ཁོ་ནའི་ཆེད་དུ་མིན་པར་ཤར་གླིང་གི་ཡུལ་གྲུ་ཁག་ཏུ་ དྲག་པོ་དང་བཙན་སྡོམ་གྱི་འགག་སྒོ་གཏོར་ནས་མི་མང་ཡོངས་ལ་དམངས་གཙོ་དང་རང་དབང་ ཚད་ལྡན་ཞིག་ལོངས་སྤྱོད་ཆོག་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད་རེད། སྡུག་གི་ཁུར་པོ་དོར་ནས་སྡུག་རུས་དང་དཀའ་སྤྱོད་འབད་བརྩོན་གྱི་མཐའ་འཁྱོལ་གནང་མཁན་འཛམ་གླིང་འདིའི་དོན་དམ་གྱི་མཛངས་མ་ཨྭང་ཧྲན་སུ་ཀིར་འབར་མའི་སྲིད་འཛིན་ གྱི་རྒྱལ་ཁ་ཐོབ་པར་སྒོ་གསུམ་ནས་རེ་སྨོན་ཞུ།