༄༅།།ཞོགས་པའི་དྲན་གདུང་།

རི་རྩེ་སྤྲིན་གྱིས་བསྒྲིབས་སོང་།།
དབྱར་དུས་ཕ་ས་དྲན་བྱུང་།།
ཁུ་བྱུག་གསུང་སྙན་མེད་པས།།
སེམས་པ་ཧ་ཅང་སྐྱོ་བྱུང།།

སྒིའུ་ཁུང་ཁྲ་ཆུང་གམ་ནས།།
ཆར་ཟིམ་ལྷོད་ཀྱིས་བབས་དུས།།
ཕ་ས་ཕ་ཡུལ་ཕྱོགས་ཀྱི།།
སྦྲ་གུར་ནག་པོ་དྲན་བྱུང།།

ཞོགས་པ་ཉི་མ་ཤར་དུས།།
གྲོང་གསེབ་ལོ་ཆུང་འགའ་ཡིས།།
ལུག་ཁྱུ་རི་ལ་དེད་དུས།།
ང་རང་ཆུང་དུས་དྲན་བྱུང།།

དབྱངས་དཀར་ལུག་གི་འབའ་སྒྲ།།
བརྩེགས་པའི་གསེབ་ནས་ཐོས་བྱུང།།
ཁང་ཆུང་གྲུ་བཞིའི་ནང་ནས།།
ལ་གླུ་དབང་མེད་ཤོར་ཐལ།།

ཟིམ་ཟིམ་ཆར་རླུང་ཁྲོད་ནས།།
དྲན་གདུང་དབྱངས་ལ་གྱེར་བཞིན།།
གོམ་པ་དལ་གྱིས་སྤོ་སྐབས།།
ཕ་སའི་རྫི་གྲོགས་དྲན་བྱུང།།

གྲོང་གསེབ་རྒྱ་གར་རྒན་མོས།།
གཅེས་ཕྲུག་ལག་ཏུ་ཁྲིད་ནས།།
སློབ་གླིང་ཕྱོགས་ལ་སྐྱོད་སྐབས།།
ཤུལ་ལུས་མ་ལོ་དྲན་བྱུང།།