སྤེལ་ལྗམ་དུ་དབུ་མའི་ལམ་གྱི་ཟབ་སྦྱོང་ཐེངས་དང་པོ་འཚོགས་པ།
ཕྱི་ཟླ་༦པའི་ཚེས་༨སྟེ་གཟའ་སྤེན་པའི་ཉིན། སྦར་སིལ་སྐུ་ཚབ་དོན་གཅོད་ཁང་དང་སྤེལ་ལྗམ་བོད་རིགས་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག་སྦར་སིལ་ན་ལེན་ཊར་ཆོས་ཚོགས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་ཞིག་ཚོགས་ཡོད་པ་རེད།
ཟབ་སྦྱོང་ལ་འཛུལ་ཞུགས་མཁན་མི་གྲངས་སུམ་ཅུ་ལྷག་བྱུང་ཡོད་བྱུང་ཡོད་པ་དང་། ཟབ་སྦྱོང་ངོ་སྤྲོད་གནང་མཁན་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེས་དབུ་མའི་ལམ་གྱི་ལྟ་གྲུབ་ཀྱི་གཞི་རྟེན་དང་སྲིད་བྱུས་ངོ་བོ། དབུ་མའི་ལམ་གྱི་སྲིད་བྱུས་མང་གཙོའི་ལམ་སྲོལ་གྱི་བརྒྱུད་རིམ་ནས་གཏན་འབེབས་བྱུང་ཚུལ། དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་བསྟར་གནང་བའི་གྲུབ་འབྲས་བཅས་ཀྱི་སྐོར་ལ་ཟབ་འཁྲིད་གནང་།
ཧྥ་རན་སིར་གནས་སྡོད་སྤྱི་ཟུར་ལྷ་མོ་སྐྱབས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་བའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཞིབ་ཆའི་ནང་དོན་ལ་འགྱུར་འགྲོས་ཇི་བྱུང་སྐོར་ལ་ཟབ་འཁྲིད་གནང་། ཟབ་ཁྲིད་ཀྱི་མཇུག་ཏུ་དབུ་མའི་ལམ་གྱི་སྲིད་བྱུས་དང་འབྲེལ་བའི་བརྙན་འཕྲིན་གཟིགས་འབུལ་གནང་བ་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ལ་དྲི་བ་དྲིས་ལན། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གཏན་འབེབས་གོ་རྟོགས་དཔྱད་གཞི་འགེངས་ཤོག་བཀང་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་ནི་སྤེལ་ལྗམ་དུ་གཉིས་སྨན་དབུ་མའི་གྱི་སྲིད་བྱུས་ཐོག་ཟབ་སྦྱོང་འཚོགས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག
གནས་ཚུལ་མཁོ་གཏོང་བ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།