དབྱིངས།
ཐོག་རེག་བྲལ་བའི་ནམ་མཁའི་ཀློང་དུ་ཆུ་འཛིན་བུ་མོའི་འགྱུར་བག་རྒོད།།
རླབས་ཀྱིས་འཕྱོ་བའི་སྟངས་སྟབས་ལ་ནི་རྟ་བདུན་ནོངས་པས་ཟེར་བརྒྱ་ཟུམ།།
དངུལ་ཕྱེ་ཁུག་མ་རླུང་དང་བསྡེབས་པས་ཤེལ་དཀར་བདུད་རྩིའི་བསིལ་བ་སྦྱིན།།
གོང་བུ་ཆགས་པའི་མུ་ཏིག་ཚོམ་བུ་དབྱིག་འཛིན་སྒེག་མོའི་མངལ་དུ་ལྷུངས་།།
རྟེན་གཡོའི་ངལ་བརྒྱའི་རྒུད་ཚོགས་བདས་པས་སྐྱིད་སྣང་དག་པའི་འཁྲུས་ལ་རོལ།།
རི་ཟོམ་རྐང་འཐུང་སྤྲོ་བའི་འཛུམ་པ་ལྗང་མདོག་འདབ་མའི་ཚུལ་ན་མངོན།།
ཡལ་འདབ་སྙེག་པའི་གཞན་གསོས་བུ་མོས་གྲེ་འགྱུར་རྫ་རིའི་ཕྲིང་བར་བརྒྱུད།།
ས་མཐའི་རྫི་བོའི་གླུ་ཆུང་ལ་ཡང་ལྷོད་བག་གཤིས་ཀྱི་སྨོན་འདུན་རྫོགས།།
སྐབས་ཤིག་སྔོ་སང་སྒེག་མོའི་གདོང་ན་སྤྲིན་ཚོགས་རྒྱུ་བ་ཉུང་དུ་སོང་།།
ཉིན་བྱེད་གཞོན་ནུའི་བརྩེ་བའི་ཟེར་ཕྲེང་སྐྱེ་དགུ་སྐྱོང་བའི་དཔལ་དུ་ཤར།།
ཨ་དཀར་དང་ནི་ཆུ་སྐྱེས་གསར་པའི་འདབ་སྟོང་གེ་སར་མངོན་པར་བཞད།།
བྱ་ཁྱུ་འཕུར་བའི་ཚང་མལ་རེ་ནའང་དབྱངས་བདུན་རྫོགས་པའི་འགྱུར་ཁུག་འཁྲོལ།།
ཨེ་མ་བདག་ནི་རྨས་མའི་རླན་ཞིང་གཤོག་ཟུང་གཉོམ་པའི་བྱིའུ་ཞིག།
ལུས་སེམས་གདུང་བའི་མཚོ་མོ་སྐྱོམས་པའི་ས་མཐའི་སྤྲང་མོ་ཁེར་རྐྱང་མ།
རིགས་ཞེན་ལ་རྒྱའི་ཁུ་ཚུར་ལྷོད་མེད་གངས་དཀར་སྲས་མོ་ལྷད་མེད་ཅིག།
གཞན་གྱི་ཧམ་སེམས་སྤུ་གྲིའི་ཁ་ནས་ཐར་ལམ་བསྙེག་པའི་ཁེངས་ལྡན་མ།།།།