༄། ཀ་རྩོམ་རྒན་གཞོན་བར་གྱི་རྒྱག་གཏམ་ལ་རྒོལ་བ། །
༼ཤར་ཁུག་གིས་སྟེ་པོ་སྤྲུལ་སྐུ་ལ་ཁྱད་གསོད་བྱས་པའི་ལན་དུ་བྲིས།༽
ཀ་མེད་ལོག་སྨྲ་ཆར་སྡོད་འཕུར་ཉེས་ནས།
ག་ཤེད་གཞུང་ཞབས་ཁུངས་ནས་གནས་དབྱུང་སྤྲད།
ཁ་ལྔ་པ་ལ་རྟག་ཏུ་འཁོན་འཛིན་གྱིས།
ང་རྒྱལ་དེ་ནི་ནམ་ཡང་གཉིད་དང་བྲལ། །
ཅ་ག་དོག་པོས་གཅེས་སྤྲས་ཆེར་མེད་ཅིང་།
ཆ་སྤྱད་མི་རྒན་འགྲེས་པོའི་ཉམས་འཁུར་ནས།
ཇ་ཁང་གཡོག་གཉེར་ཏེ་ཕོའི་སྤྲུལ་སྐུ་ལ།
ཉ་མོ་བྱ་ཁྲས་གཅུས་ལྟར་ཁྱད་གསོད་བྱས། །
ཏ་ཐཱ་ག་ཏའི་བསྟན་པ་འཛིན་སྐྱོང་ལ།
ཐ་དད་གོས་མདོག་ཙམ་གྱིས་དབྱེར་མི་འབྱེད།
ད་ལྟ་དུས་ངན་སྙིགས་མའི་མར་གཤམ་ལ།
ན་གཞོན་གོས་མདོག་མཛེས་ཀྱང་བཟང་རྒྱུ་མེད། །
པ་ཎི་གར་བཞུར་ལྟ་བུའི་མི་བུ་ཁོས།
ཕ་རོལ་ཉམ་ཆུང་རིགས་ལ་སྡང་བ་འདི།
བ་གླང་རིགས་འགྲོའི་ཁུ་ཚུར་ནང་འཕྱར་བ།
མ་ནིང་ཤར་ཁུག་ངན་གོམས་བཟློག་ཏུ་མེད། །
ཙ་ར་གཅོད་པའི་རྣམ་དཔྱོད་ཅན་ཡིན་ན།
ཚ་ཁ་ལེན་པའི་སྐྱེན་པོའི་མདའ་ཡོད་ན།
ཛ་ཧུའི་བུ་མོའི་སྤུན་འགྲོའི་རིག་གཞུང་ཁྲོད།
ཝ་ལེར་བདག་གི་ཐད་ཀར་ད་ལོངས་ཤོག །།
ཞ་སྙུག་རྐང་ཐུར་ཁ་ཤས་བཅག་པ་དང་།
ཟ་སྙད་གོ་སྐབས་འཚོལ་ནས་འཁྱོག་བཤད་དང་།
འ་མོ་ཉིད་བཞིན་དོན་མེད་འཆལ་རྩོམ་འགས།
ཡ་མཚན་མགྲིན་པ་མནངས་འདི་དགོད་བྲོའི་གནས། །
ར་གན་གསེར་བརྫུས་དེང་རབས་སྤྱི་བརྟོལ་རིགས།
ལ་ཆད་ལུང་ཟད་ལུགས་མེད་སྨྲ་ལ་བརྩོན།
ཤ་ཁྱི་རྔོན་པའི་རིགས་ལ་དྲིན་ཆེ་ཡང་།
ས་སྐྱོང་དཔོན་པོའི་མདུན་ལ་གདོན་གྱི་རིགས། །
ཧ་ཆ་འཕྱ་གད་བརྙས་བཅོས་ཚིགས་མཚོན་གྱིས།
ཨ་རོགས་རྒན་པོ་བཏང་སྙོམས་མི་འཇོག་པར།
ཧ་ཅང་འཇོན་མདོག་དཔུང་ཤ་འཕུར་བ་དེས།
ཨ་ལགས་ང་རང་སྡོད་དུ་མ་བཅུག་ཐལ། །
༠༦/༡༡/༢༠༡༣ དགོང་མོར་རྩེད་མཚར་དུ་བྲིས།
