༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་འདུག
ཁུངས་ལྡན་གནས་ཚུར་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༡༠ ནས་༢༠ བོད་ཁམས་རྟའུ་རྫོང་ཉ་མཚོ་དགོན་ཐོས་བསམ་དར་རྒྱས་གླིང་དུ། མདོ་ཁམས་འཇང་དགུན་ཆོས་ཆེན་མོ་ཐེངས་ལྔ་པ་འཚོགས་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་༡༥ ཉིན་གྱི་དགོང་དྲོ་མཚན་ཕུད་དམ་བཅའ་འཚོགས་ཡོད་པ་རེད།
དམ་བཅའི་ཚོགས་དབུས་སུ་༧གོང་ས་སྐྱབས་མགོན་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་འདྲེན་ཞུས་ཏེ། སེར་སྐྱ་མི་མང་ཆིག་ཁྲི་ལྔ་སྟོང་ལྷག་གིས་མཇལ་ཁ་ཞུས་ཡོད་འདུག གཞན་ཡང་དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བོད་མདོ་ཁམས་རྟའུ་ཉ་མཚོ་དགོན་དུ་འཚོགས་བཞིན་པའི་འཇང་དགུན་ཆོས་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་དགོན་སྡེ་༦༡ ཡོད་ཡོད་སྐོར་འདུག་ཀྱང་། དངོས་སུ་ཞིབ་འཇུག་བྱས་དུས་མདོ་དབུས་ཁམས་གསུམ་ནས་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ནས་ཆེད་དུ་འཇང་དགུན་ཆོས་སུ་ཕེབས་མཁན་དགོན་སྡེ་ཁག་ཆེ་ཆུང་༢༠༠ ཙམ་གྱི་ནང་ནས་དགེ་འདུན་པ་༣༢༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་རེད།། མོན་གྷོ་གསར་འགོད་པས།