ཨེ་ཝེ་ཝེ་ཡིས་གསར་འགོད་པའི་སྐུ་ཚབ་ཀྱི་འགན་ཁུར་བ།
རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པའི་མང་གཙོ་དོན་གཉེར་མཁན་དང་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་ཡིས་ཟླ་འདིའི་ཕྱི་ཚེས་༢༡ ཉིན་BBC གསར་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་གིས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཀྱི་ལས་འགན་ཁུར་ཡོད་པ་རེད།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་དེའི་སྐོར་འགྲེལ་བརྗོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་ནང་སྙན་གྲགས་ཅན་གྱི་དེང་རབས་སྒྱུ་རྩལ་བ་ཨེ་ཝེ་ཝེ་ཡིས་ཁོང་གི་མཚན་སྙན་དང་ཤུགས་རྐྱེན་ལ་བརྟེན་ནས། བརྡ་འཕྲིན་རང་དབང་ལ་གོང་འཕེལ་གཏོང་རྒྱུ་ཡིན་པ་དང་། གཞི་རྩའི་རང་དབང་དེ་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་༡༩ པའི་ནང་དུ་བཀོད་ཟིན་པ་ཞིག་ཡིན་པ་རེད།
BBCརྒྱ་ཡིག་དྲ་བས་ཁ་པར་བརྒྱུད་དེ་ཨེ་ཝེ་ཝེ་ལ་བཅར་འདྲི་བྱེད་སྐབས། ཁོང་གིས། “རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ནི་གལ་ཆེའི་སྒྲིག་འཛུགས་ཤིག་ཡིན་པས། སྒྲིག་འཛུགས་དེའི་དམིགས་བསལ་སྐུ་ཚབ་ཀྱི་འགན་ཁུར་རྒྱུ་བྱུང་བ་དེ་གཟི་བརྗིད་ཅིག་རེད་”ཅེས་བརྗོད་འདུག
ཁོང་གིས། “རྒྱལ་མཚམས་མེད་པའི་གསར་འགོད་པའི་ལས་དོན་ནི་རང་དབང་གི་བརྡ་འཕྲིན་བརྒྱུད་བསྒྲགས་དང་། སྨྲ་བརྗོད་རང་དབང་དང་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་སའི་ལྷུ་ཚིགས་ལྟ་བུ་ཞིག་ཆགས་ཡོད། ཁོང་ལ་དེ་ལྟ་བུའི་ལས་ཀ་བྱེད་རྒྱུ་གོ་སྐབས་ཐོབ་པ་དེ་ནི་དོན་དག་བཟང་པོ་ཞིག་རེད་”ཅེས་བརྗོད་འདུག
ཨེ་ཝེ་ཝེ་ཡིས་བརྗོད་རྒྱུར། ད་ལྟའི་ཆར་ཁོང་གིས་ལས་ཀའི་ཐོག་དམིགས་བཀར་གྱི་ལས་འགན་ཇི་ལྟ་བུ་ཞིག་ཁུར་དགོས་མིན་ཁ་གསལ་མེད་པ་དང་། ཁོང་གིས་ངོས་འཛིན་བྱས་པ་ལྟར་ན་དེ་ནི་མཚོན་དོན་རང་བཞིན་ཅན་གྱི་ལས་གནས་ཤིག་རེད།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནི་ཕྱི་ལོ་༡༩༧༩ ལོར་གསར་ཏུ་བཙུགས་པའི་གསར་འགོད་པར་གནོད་འཚེ་ལ་སྲུང་སྐྱོབ་དང་གསར་འགྱུར་རང་དབང་ལ་སྐུལ་འདེད་གཏོང་བའི་གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་སྒྲིག་འཛུགས་ཤིག་ཡིན་ཞིང་། ལས་ཁུངས་ཨ་མ་དེ་ཧྥ་རན་སིའི་རྒྱལ་ས་ཕེ་རི་སི་ལ་ཡོད་པ་རེད།།
