པ་ཀི་སི་ཐན་ནང་ཕྱི་རྒྱལ་ཡུལ་བསྐོར་བ་མི་༩ དམར་གསོད།

b38d7b3788e940b4bf29a53e3593de13ཕྱི་ཟླ་༦ ཚེས་༢༣ ཉིན་གྱི་ཞོགས་པར། པ་ཀི་སི་ཐན་ནང་དུ་དྲག་སྤྱོད་པས་ཕྱི་རྒྱལ་གྱི་ཡུལ་བསྐོར་བ་མི་༩ དང་པ་ཀི་སི་ཐན་གྱི་མི་ཡིན་པའི་སྣེ་ཤན་པ་བཅས་ལ་མེ་མདས་བརྒྱབ་ཏེ་དམར་གསོད་བཏང་ཡོད་པ་དང་། དོན་རྐྱེན་དེ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་ཧི་མ་ལ་ཡའི་རི་རྒྱུད་དུ་གཏོགས་པའི་པ་ཀི་སི་ཐན་མངའ་ཁོངས་ཀྱི་རི་འདབས་སུ་ཡོད་པའི་སྡོད་སྒར་ཞིག་ཏུ་བྱུང་ཡོད་པ་རེད།

པ་ཀི་སི་ཐན་གྱི་ནང་སྲིད་བློན་ཆེན་ཨ་ལི་ཁེ་ཡིས་འགྲེལ་བརྗོད་བྱས་པ་ལྟར་ན། རེས་གཟའ་ཉི་མའི་ཞོགས་པར་བྱུང་བའི་འཇབ་རྒོལ་གྱི་དོན་རྐྱེན་དེའི་ནང་རྐྱེན་འདས་སུ་སོང་བའི་ཕྱི་རྒྱལ་གྱི་ཡུལ་བསྐོར་བའི་ཁྲོད་ཡུ་ཁི་རེ་ནེ་སི(Ukrainians) ཡི་མི་༦ དང་། རྒྱ་ནག་གི་མི་༣ བཅས་ཡོད་པ་ཞིག་ཡིན་འདུག  ད་དུང་རྒྱ་ནག་ནས་ཡིན་པའི་རི་འཛེགས་པའི་མི་གཅིག་བྲོས་ཐབས་བྱེད་པའི་ལམ་བར་ནས་དམག་གི་ཐད་འཕུར་གནམ་གྲུ་ཞིག་གིས་སྐྱབས་ཏེ་སྲོག་ཉེན་ལས་ཐར་ཡོད་པ་རེད།

གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། དྲག་སྤྱོད་པས་ནཱ་གྷ་པ་བྷ་ཐི་རི་བོའི་འདབས་ཀྱི་སྡོད་སྒར་ཞིག་ཏུ་ཕྱི་རྒྱལ་གྱི་རི་འཛེགས་པ་དེ་དག་དམར་གསོད་བཏང་ཡོད་པ་དང་། ས་ཆ་དེ་ནི་ནམ་རྒྱུན་ལྷིང་འཇགས་ལྡན་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གཏོགས་པའི་ས་ཁུལ་ཞིག་ཡིན་པ་རེད།

fef92638976933f8432f7fe3a9be8097པ་ཀི་སི་ཐན་ཏ་ལི་བྷན་ཚོགས་པས་བརྗོད་པ་ལྟར་ན། ཐེངས་འདིའི་དམར་གསོད་ཀྱི་དོན་རྐྱེན་དེ་ནི་ཁོང་ཚོ་དང་ཕྱོགས་ཁག་གཅིག་པའི་སྐུ་ཚབ་ཀྱིས་སྤེལ་བ་ཡིན་ཞིང་། ཕྱི་ཟླ་༥ པའི་ནང་ཨ་རིའི་མི་མེད་གནམ་གྲུས་ཏ་ལི་བྷན་གྱི་འགོ་གཙོའི་སྐུ་ཚབ་དམར་གསོད་བཏང་བ་དེར་འཁོན་ལན་སློག་ཆེད་ཡིན་པ་རེད།

པ་ཀི་སི་ཐན་གཞུང་གིས་དོན་རྐྱེན་བྱུང་སའི་ས་ཁུལ་དུ་ཉེན་རྟོག་པ་དང་ཐད་འཕུར་གནམ་གྲུ་མང་པོ་མངགས་གཏོང་གིས་ཉེས་ཅན་པ་འཚོལ་བཤེར་བྱེད་བཞིན་པ་དང་། ས་ཁུལ་དེའི་འགག་སྒོའི་སྲང་ལམ་ཡོངས་རྫོགས་བཀག་ཡོད་པ་མ་ཟད། འཇབ་རྒོལ་གྱི་དོན་རྐྱེན་ཁྲོད་སྲོག་ཐར་བྱུང་བའི་སྣེ་ཤན་པ་གཞན་ཞིག་ཡོད་པ་དེར་འདྲི་རྩོད་བྱེད་བཞིན་ཡོད་པ་རེད།