རྟེན་འབྲེལ།

壽命長,尊者達賴喇嘛的西藏!

ཆོས་བརྒྱད་ནོར་བུའི་ཆོས་ཁྲིམས་མདངས་བཀྲ་ཞིང་།
ཆབ་སྲིད་སྟག་མོའི་འཛུམ་དྲུག་མ་ཉམས་པའི།
ཟུང་འབྲེལ་སྡེ་བཞིའི་ཡོ་ལང་མོག་མོག་པོར།
བསྒྱུར་མཛད་༧གོང་ས་ལྷ་མིའི་སྟོན་པར་འདུད། །

བཅུ་དྲུག་དར་མའི་ལོ་ནས་བསྐྱངས་བ་ཡི།
དགའ་ལྡན་གསེར་ཏོག་སེར་བོའི་འོད་ཟེར་འབུམ།
བདུན་དྲུག་འགྲེས་པོའི་ལོ་དེར་བསྡུས་མཛད་པ།
རླབས་ཆེན་འཛིན་མའི་རྒྱན་གཅིག་ཞབས་བརྟན་གསོལ། །

ལུགས་གཉིས་མུ་ཁྱུད་དཀར་པོའི་གུར་ཁྱིམ་ཁྲོད།
ཅི་མཛད་ལེགས་མཐོང་དཀར་ནག་འགྲོ་བའི་ཚོགས།
ལེགས་སྐྱོང་གླང་པོའི་སྣ་ཞགས་བརྐྱང་ཙམ་གྱིས།
ས་གཞི་ཡོམ་ཡོམ་འདར་མཛད་ཞབས་བརྟན་གསོལ། །

མདོར་ན་འཕགས་པ་སྤྱན་རས་གཟིགས་དང་ནི།
ས་ལ་བཞུགས་དང་གནམ་ལ་འཕུར་བའི་ཚོགས།
ཐམས་ཅད་འདུས་ནས་མགོན་པོ་ཁྱེད་བསྲུངས་ན།
མི་ཤིགས་གཞོམ་གཞིག་འགྲེས་རྒུད་དང་བྲལ་ཤོག ། །

ཅེས་པ་འདི་ནི་ངོ་ཤེས་པ་དང་ངོ་མི་ཤེས་པའི་དྲ་གྲོགས་བཅུ་གྲངས་ལྷག་གིས་ཨུ་ཚུགས་དང་བཅས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཞབས་བརྟན་གསོལ་འདེབས་ཤིག་འབྲི་རོགས་ཞེས་བསྐུལ་བས་ངོ་མི་གཅོག་ཙམ་དུ་སྤྲུལ་མིང་ཙམ་འཛིན་པ་དབང་ཆེན་པས་གུས་ཕུལ། །