ཨ་རི་ན་ཅལ་དུ་༧གོང་ས་མཆོག་ག་དུས་ཕེབས་ཀྱང་གྲ་སྒྲིག་ཡོད།

belkob2013_7_6t༧གོང་ས་མཆོག་གིས་འཁྲུངས་སྐར་ཉིན་“ང་ལ་སྐྱེས་སྐར་གྱི་ཕྱག་རྟགས་ཡག་ཤོས་དེ་ཁྱེད་རང་ཚོ་སེམས་པ་ཡག་པོ་བྱེད་རོགས་གྱིས། མཚམས་རེར་སེམས་འཁྲུགས་པ་དང་། ཁོ་ཁྲོ་ཟ་བ། བརྣབས་སེམས་དང་གནོན་སེམས་སྐྱེས་པ་ཡོང་བའི་སྐབས། ངའི་གདོང་དེ་དྲན་རོགས་གྱིས། སེམས་པ་བཟང་པོ་གྱིས་དང་ངའི་སྐྱེས་སྐར་གྱི་ལག་རྟགས་ཡག་ཤོས་དེ་རེད་”ཅེས་གསུངས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་༦ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ་ཀའི་མངའ་སྡེ། མེ་སོར་རྫོང་། སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ། སེར་བྱེས་མཁས་སྙན་གྲྭ་ཚང་དུ། ༸གོང་ས་མཆོག་དགུང་གྲངས་ ༧༨ ལ་ཕེབས་སྐུའི་འཁྲུངས་སྐར་དེ་བཞིན་༸གོང་ས་མཆོག་དབུ་བཞུགས་ཐོག་སྲུང་བརྩི་ཞུས་ཡོད་པ་རེད།

སྐུའི་འཁྲུངས་སྐར་རྟེན་འབྲེལ་ཀྱི་དགའ་སྟོན་གྱི་མཛད་སྒོ་དེར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། གདན་ཞུས་སྐུ་མགྲོན་གཙོ་བོ་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སིངྡྷར་རཱ་མ་ཡ་མཆོག་དང་། རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ན་བྷམ་ཏཱུ་ཀི་མཆོག  དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ། མེ་སོར་རྫོང་འགན་འཛིན་བློན་ཆེན་སྐུ་ཞབས་ཝེ་ཤྲི་རི་ནི་ཝ་སུ་པ་ར་སད་བཅས་ཀྱི་གཙོས་པའི་རྒྱ་གར་དབུས་ས་གཉིས་ཀྱི་གྲོས་ཚོགས་འཐུས་མི་སོགས་དཔོན་རིགས་ཁག་དང་། དེ་བཞིན་གནས་ཡུལ་མངའ་སྡེའི་མི་མང་གིས་བརྩི་བཀུར་ཆེ་བའི་ཧིན་རྡི་དང་། ཡེ་ཤུས། ཁ་ཆེ་བཅས་ཀྱི་བླ་ཆེན་ཁག་སོགས་འཕགས་བོད་གཉིས་ཀྱི་ཆོས་སྲིད་གཉིས་ཐད་གྱི་གནད་ཡོད་མི་སྣ་བརྒྱ་ཕྲག་བརྒལ་བ་དང་། སྦེལ་ཀོབ་ས་གནས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་ཁྲི་ཕྲག་གཉིས་ལྷག་ཅིག་གིས། དགའ་དད་སྤྱོ་གསུམ་གྱི་སྒོ་ནས་ ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཡོད་པ་རེད།

belkob2013_7_6t

དེ་ཡང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་གྱི་ཞོགས་པའི་ཆུ་ཚོད་༧ པའི་ཐོག་སྦེལ་ཀོབ་ས་གནས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་མི་མང་ཁྲི་ཕྲག་གཉིས་ལྷག་གཅིག་ལ། ༸གོང་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཞིག་ཡོད་པ་དང་། སྐབས་དེར་སྤྱི་ནོར་ ༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྤྱིར་བཏང་རང་ཉིད་ཀྱི་ཚེ་རིང་བར་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ནི་འཕྲོད་བསྟེན་དང་། ན་ཚ་སྔོན་འགོག་གི་རིགས་ཡིན་ལ། ལྷག་པར་དུ་གཞན་ལ་འཚེ་བ་མི་བྱེད་པ་ནི་ཚེ་རྒྱུན་རིང་དུ་གནས་པའི་ཐབས་ལམ་ཡག་ཤོས་དེ་རེད་གཅེས་བཀའ་སློབ་ཀྱང་གནང་སོང་།

སྤྱི་ནོར་༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུང་སྐར་ལ་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་དངོས་གཞི་དེ་སྔ་དྲོ་ཆུ་ཚོད་ ༡༠ ཐོག་འགོ་འཛུགས་ཞུས་ཡོད་པ་དང་། ཐོག་མར་༸གོང་ས་མཆོག་སྐུའི་འཁྲུངས་སྐར་མཛད་སྒོའི་བཞུགས་ཁྲིར་འཁོད་པ་དང་། རིམ་བཞིན་གདན་ཞུས་སྐུ་མགྲོན་རྣམས་ཀྱིས་༸གོང་ས་མཆོག་ལ་མེ་ཏོག་གི་ཕྲེང་བ་དང་། དྲི་མེད་ཀྱི་ཁ་བཏག་ཕུལ་བཞིན་འཚམས་འདྲིའི་ཞུས་ཏེ་གཞུགས་གྲལ་འཁོད་ཡོད་པ་རེད།

ཆོས་ལུགས་རིས་མེད་ཀྱི་བླ་ཆེན་རྣམས་ཀྱིས་འཛམ་གླིང་ཞི་བདེ་ཡོང་བ་དང་། གོང་ས་མཆོག་སྐུ་ཚེ་ཡིན་རིང་བརྟན་པའི་གསོལ་འདེབས་གསུངས་པ་དང་། ལྷོ་སྤྱི་སྐུ་ངོ་ཀརྨ་སེང་གེས་རྒྱ་གར་ལྷོ་ཕྱོགས་སུ་ ༸གོང་ས་མཆོག་དབུར་བཞུགས་ཀྱི་སྐུའི་འཁྲུངས་སྐར་སྲུང་བརྩིའི་བྱ་རྒྱུ་བྱུང་བར་དགའ་སྤྲོད་ཚད་མེད་བྱུང་བའི་དགའ་བསུའི་གསུང་བཤད་གནང་།

རིམ་བཞིན་བོད་མི་མང་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོང་ས་མཆོག་གི་སྐུའི་འཁྲུང་སྐར་ཐོག་གནང་བའི་གསུང་བཤད་སྒྲོག་སྦྱང་པའི་ནང་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེས་བཀའ་ཤག་གི་གསུང་བཤད་གནང་སོང་།

རྒྱ་གར་བྱང་ཕྱོགས་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་སྐུ་ཞབས་ན་བྷམ་ཏུ་ཀེས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གསུང་བཤད་སྐབས། ཁོང་གིས་གོང་ས་མཆོག་ལ་ཨ་རུ་ན་ཅལ་མངའ་སྡེའི་ནང་དད་གུས་ཞུ་མཁན་མང་པོ་ཡོད་པས། ག་དུས་ཨ་རི་ན་ཅལ་མངའ་སྡེའི་ནང་ཕེབས་ཐུབ་ན་དགའ་བསུ་དང་། གྲ་སྒྲིག་ཡོད་སྐོར་གསུངས་སོང་།

རྒྱ་གར་ལྷོ་ཕྱོགས་ཀརྣ་ཌ་ཀའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བློན་ཆེན་སྐུ་ཞབས་སིངྡྷར་རཱ་མ་ཡ་ མཆོག་གིས་སྐུའི་འཁྲུང་སྐར་ལ་འཚམས་འདྲི་གསུང་བཤད་གནང་བའི་སྐབས། བློན་ཆེན་མཆོག་གིས་རྒྱ་གར་དང་བོད་མིའི་ལོ་རྒྱུས་ཁྲོད་ཆོས་དང་ཆབ་སྲིད་གཉིས་ཀྱི་འབྲེལ་ལམ་བཟང་པོ་བྱུང་མྱོང་བ་དྲན་གསོ་ཞུས་པ་དང་བསྒྲགས། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་ཀརྞ་ཌ་ཀའི་མངའ་སྡེའི་གཞུང་གིས་བོད་མི་གཞིགས་ཆགས་པ་རྣམས་ལ་ཕྱོགས་ཡོངས་ནས་མཐུན་རྐྱེན་གང་ཡོང་སྦྱར་ཡོད་པ་བཞིན། ད་དུང་ཡང་མུ་མཐུད་དུ་དེ་ལྟར་མཐུན་རྐྱེན་གནང་རྒྱུ་ཡིན་ཅེས་ཀྱང་གསུངས་སོང་།

གཞན་ཡང་སྐུའི་འཁྲུང་སྐར་ལ་གདན་ཞུས་སྐུ་མགྲོན་ཡེ་ཤུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ཀྱི་བླ་ཆེན་རྣམས་ཀྱིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་བའི་གསུང་བཤད་གནང་ཡོད་པས་མ་ཚད། ཧིན་དྷི་བླ་ཆེན་ JSS Mahaswami མཆོག་གིས་གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གཏམ་བཤད་གནང་རྗེས། བོད་སྐད་ནང་༸གོང་ས་མཆོག་གི་སྐུ་ཚེ་རིང་བསྟན་པ་དང་། འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་སྨོན་ལམ་འདེབས་ཅེས་གསུངས་སོང་།

སྐུའི་འཁྲུངས་སྐར་ཀྱི་ཉིན་མོ་འདིར་༸སྦེལ་ཀོབ་ས་གནས་གཞིས་ཆགས་ཁག་གཉིས་ཀྱི་ངོས་ནས་ཀརྣ་ཌ་ཀའི་མངའ་སྡེ་གཞུང་མང་ཡོངས་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཀྱི་དམིགས་བསལ་དྲན་རྟེན་ཞིག་གོང་ས་མཆོག་གི་ཕྱག་ནས་ཕུལ་ཡོད་པ་དང་། དེ་བཞིན་སྐུ་མགྲོན་གལ་ཆེན་རྣམས་ལ་དྲན་རྟེནདང་། ལྷག་པར་༸གོང་ས་མཆོག་ལ་ས་གནས་སྦེལ་ཀོབ་མི་མང་གིས་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། འཇིག་རྟེན་མུན་སེལ་ཅེས་པའི་གསེར་དངུལ་ལས་གྲུབ་པའི་གཟེངས་རྟགས་ཤིག་ཕུལ་བཞེས་གནང་བ་དང་། མཐར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གསུང་བཤད་ཅིག་གནང་ནས། འཛམ་གླིང་གི་ཆོས་ལུགས་ཁག་གི་བླ་ཆེན་རྣམས་འདི་ལྟར་མཉམ་འཛོམས་དང་མཐུན་སྒྲིལ་དགོས་པ་གལ་ཆེན་ཡིན་པ་དང་། ༸གོང་ས་མཆོག་ཁོང་ལ་སྐུའི་འཁྲུངས་སྐར་ཀྱི་ཕྱག་རྟགས་ཡག་ཤོས་དེ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན་ཅེས་གསུང་ཡོད་པ་རེད།

མཐུག་མཐར་ས་གནས་རྒྱ་གར་བ་དང་བོད་མིའི་ཚོགས་པ་སྡེ་ཚན་ཁག་གིས་རང་རང་གི་སྲོལ་རྒྱུན་གྱི་སྒྱུ་རྩལ་རིག་གཞུང་དང་འབྲེལ་བའི་གླུ་དང་། བྲོ། བཟློས་གར་སོགས་འཁྲབ་སྟོན་གྱི་སྒོ་ནས་སྐུའི་འཁྲུངས་སྐར་བསྲུང་བརྩི་བྱས་ཡོད་པ་རེད།

མེ་སོར་གསར་འགོད་པས།