བརྗེད་མི་སྲིད་པའི་ལོ་རྒྱུས།
འདོན་ཐེང་སྔོན་མའི་འཕྲོས་་་་་་ངེད་གཉིས་ཁོང་ཚོས་ནང་དུ་འབྱོར་མཚམས་ཁང་ཆུང་ ཞིག་གི་ནང་ཕྱིན་པ་ཡིན། ནང་དེར་མི་སྐྱ་བགྲེས་སོང་གཅིག་གིས་བཟང་སྤྱོད་ལམ་བཏོན་བཞིན་འདུག་ཀྱང་ཁོས་ ངེད་གཉིས་མཐོང་བ་དང་ བཟང་སྤྱོད་སྨོན་ལམ་ཡང་འཇུག་མ་རྫོགས་པར་ལམ་སེང་སྒོ་ཕྱིར་དོན་སོང་། དེ་ནས་ངེད་གཉིས་ཀྱིས་སྨོན་ལམ་འདོན་འགོ་བཙུགས་པ་ཡིན། ཕལ་ཆེར་མཚན་མོའི་ཆུ་ཚོད་བཅུ་གཅིག་ཡོལ་ཡོད་ཚོད་ཡིན། ཁོང་ཚོས་བུ་མོ་ཡིན་ནམ་ཡང་ན་མནའ་མ་ཡིན་མ་ཤེས་མོད་ལོ་ན་ཉེར་ཤུ་ལྷག་ཙམ་ཡིན་ པའི་བུ་མོ་ཞིག་དང་དེ་དང་ལོ་ཚོད་མཉམ་པའི་ཕོ་གསར་གཅིག་རེས་མོ་གནང་ནས་ངེད་ གཉིས་ལ་ཇ་དང་། ཙོམ་པ་དང་། མར་སོགས་ཟས་རིགས་ཁག་ཁ་ཤས་མདུན་ལྕོག་ཐོག་ཏུ་བསྒྲིགས་སོང་།
སྐབས་དེར་ཆེས་དགོད་མོར་ཤོར་དགོས་པ་ཞིག་ལ་ངེད་གཉིས་ནི་དེ་སྔར་ལྷ་སར་ཡོང་མ་ མྱོང་པའི་རྐྱེན་གྱི་ཡུལ་དེའི་ལུགས་སྲོལ་གོམས་འགྲིས་མེད་སྟབས་ཞབས་འདྲེན་ཆེན་ པོ་ཞིག་བཞགས་པ་ཡིན། དེ་ནི་འདི་ལྟར། བུ་མོ་དེས་ཀ་ཡོལ་ཆེས་ཆུང་ངུ་ཞིག་གི་ནང་དུ་རྩམ་པ་ཕྱེད་ཙམ་གོང་དུ་བོད་ཇ་རེ་ བླུག་ནས་ལག་གཉིས་ཀྱིས་བསྐྱོར་བཞིན་མཆོད་གནང་རོགས་ཟེར་གྱི་འདུག་མོད། ངས་ནི་མཆོད་གནང་རོགས་ཟེར་བས་ཞེ་སའི་དོན་ལ་རྨོངས་ཏེ་འོ་ཚོད་བྱས་ཐོག་མཆོད་པ་ རེ་ཕུལ་ནས་བཏུང་པ་ཡིན། ཡང་སྐྱར་དེ་བཞིན་ཡང་ཡང་གནང་གྱི་འདུག་པར་ངེད་གཉིས་ཀྱིས་ཀྱང་སྔར་བཞིན་ཇ་མཆོད་ ཡང་ཡང་ཕུལ་ནས་བཏུང་བ་ཡིན།
ང་ཚོས་ཕ་ཡུལ་ལུགས་སྲོལ་ལ་ནི་བླ་མ་དང་དགེ་འདུན་པ་དག་ལ་གསོལ་ཇ་གསོལ་རོགས་ཞེས་ ཞེད་ས་ཞུ་སྲོལ་ལས་མཆོད་གནང་རོགས་ཟེར་བ་དེ་ནི་ཐེང་དང་པོར་ཐོས་པ་ཡིན་པས་་ཞབས་ འདྲེན་བཞགས་དགོས་དོན་ཡང་དེ་རང་ཡིན། ད་དུང་ངེད་གཉིས་ཀྱིས་ནང་མོལ་འདི་ལྟར་བྱས། ས་ཆ་འདི་ན་ལུགས་སྲོལ་ཡ་མཚན་ཅན་དེ་འདྲ་གང་ཡིན་ནམ། ཇ་ཕོར་པ་རེ་ལ་ཇ་མཆོད་རེ་ཕུལ་དགོས་ཀྱི་འདུག ངོ་མ་དགོས་མོ་ཤོར་དགོས་པ་ཞིག་འདུག་བཅས་ལྐོགས་ནས་བཤད་པ་ཡིན། མདོར་ན་ཉིན་དེའི་དགོང་མོར་མཚན་ཕུད་དུ་བསྡད་པ་ཡིན། དེ་ནི་ཆེས་དཀའ་ཚད་ཅན་ཞིག་ཡིན་སྟེ། དེ་སྔར་ཉིན་མང་པོ་རིང་དུ་ལམ་བར་ནས་ངལ་བ་དུ་མར་བརྟེན་ནས་ཡོང་ཡོད་པ་མ་ཟད་ཉིན་ དེའི་ཞོགས་པ་ནག་ཆུ་ཁ་ནས་ཡོང་ཡོད་པ་དང་། ད་དུང་ཟ་མ་ཡང་ཡག་པོ་རག་མེད་ལ་ཁོང་ཚོས་ནང་གི་ཀ་ཡོལ་ཧ་ཅང་ཆུང་བས་ལྟོ་འགྲང་བ་ ཞིག་མ་བྱུང་ཁར་གཉིད་ཡང་ཉལ་ཡ་མ་བྱུང་།
